གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བྲོས་ཟུར་འབད་མི་བཙོན་པ་ རྟ་ནག་ལུངམ་ལས་ ལོག་འཛིན་བཟུང་འབད་ཡོདཔ།

༢༡/༣/༢༠༡༣   ༉ སྤྱི་ཟླ་༣ པའི་ཚེས་༡༧ གྱི་ནུབ་མོ་ ལྕམ་སྒང་བཙོན་ཁང་ནང་ལས་ བྲོས་ཟུར་འབད་མི་ སྐྱེས་ལོ་༢༩ ལང་མི་ ཀཱན་ཅ་ རའི་དེ་ ཁ་ཙ་ཉིན་མ་ཁམས་ཅིག་ཁར་ རྩི་མ་གཤམ་དང་ བཀྲིས་དགའ་ཚལ་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ རྟ་ནག་ལུངམ་ལས་ ལོག་འཛིན་བཟུང་འབད་ཡོདཔ་ཨིན་པས།


བཙོན་པ་དེ་ ཆུ་ཁ་དང་ འདམ་ཆུ་བར་ནའི་ ཕྲང་ལམ་གྱི་ སྦོ་ལོགས་ཁ་ལས་ཕར་ མཐོང་ཡོདཔ་སྦེ་ གླ་འཁོར་དེད་གཡོགཔ་ཅིག་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་ རྟ་ནག་ལུངམ་གི་ས་ཁོངས་ཚུ་ནང་ འཚོལ་ཞིབ་འབད་ཡོདཔ་ཨིན་པས།
དེ་བསྒང་ གླ་འཁོར་དེད་གཡོགཔ་དེ་ རྟ་ནག་ལུངམ་སྒོ་ར་བརྒལ་ཏེ་ འགྱོ་བའི་སྐབས་ ཀཱན་ཅ་ རའི་གིས་ གླ་འཁོར་བཀག་སྟེ་ ཕུན་ཚོགས་གླིང་ཚུན་ བསྐྱལ་གནང་ཟེར་ སླབ་ཡོདཔ་ད་ མ་གཞི་ ཁོ་གིས་ བཙོན་པ་དེ་བཟུང་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་རུང་ ཁོ་ར་རྐྱངམ་གཅིག་འབད་ནི་དེ་གིས་ འབད་མ་ཚུགས་ཟེར་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ བཙོན་པ་དེ་ ལོག་ཚལ་མ་ནང་ འཛུལ་སོ་ཡི་ཟེར་ དེད་གཡོགཔ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་ཡོདཔ་ཨིན་པས།
དེ་དང་འཁྲིལ་ བཀྲིས་དགའ་ཚལ་དང་ རྩི་མ་གཤམ་ལས་ ས་ཁོངས་དེ་ནང་ ཁྲིམས་སྲུང་འགག་པ་ གྱངས་ཁ་ཡར་སེང་ཐོག་ བཙུགས་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་གཙོ་འཛིན་ མདོ་འཛིན་སྐྱིབ་ཅུ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ བཙོན་པ་དེ་ འཚོལ་ཞིབ་འབད་ནིའི་ནང་ མི་སེར་ཚུ་གིས་ མཉམ་འབྲེལ་འབད་མི་ལུ་ དགའ་ཚོར་ཡོདཔ་མ་ཚད་ གླ་འཁོར་དེད་གཡོགཔ་དེ་ལུ་ ངལ་རངས་ཀྱི་གསོལ་རས་ དངུལ་ཀྲམ་༡༠,༠༠༠ བྱིན་ནི་ཨིན་ཟེར་ཨིན་པས།
རྩི་རང་རྫོང་ཁག་ གྲུམ་སྟོད་ལས་ཨིན་མི་ ཀཱན་ཅ་ རའི་གིས་ སྤ་རོ་ལུ་ མཆོད་རྟེན་སློངས་ཡོད་པའི་ འབྲེལ་གནད་ལུ་བརྟེན་ སྤྱི་ལོ་༢༠༠༡ ལུ་ ཚེ་བཙོན་ནང་ བཙུགས་ཡོདཔ་ཨིན་པས།
བཙོན་པ་དེ་ བཙོན་ཁང་གི་ ཐབ་ཚངཔ་སྦེ་སྡོད་པའི་སྐབས་ ལག་པར་ རྨ་སྐྱོན་བྱུང་མི་ལུ་བརྟེན་ ལྕམ་སྒང་གཞི་རྟེན་སྨན་ཁང་ནང་བསྐྱལ་ཏེ་ ཁྲིམས་སྲུང་འགག་པ་༢ ཀྱིས་ ལོག་བཙོན་ཁང་ནང་ ཁྱིད་འགྱོ་བའི་སྐབས་ བྲོས་ཟུར་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཀཱན་ཅ་ རའི་དེ་ ཧེ་མ་ལས་ ཚེ་བཙོན་ཕོག་མི་ཅིག་འབདཝ་ལས་ ལོག་ཁྲིམས་འདུན་ལུ་ བསྐྱལ་དགོཔ་མེད་ཟེར་ཨིནམ་ད་ ཨིན་རུང་ བཙོན་པའི་རྣམ་གཞག་གི་གནད་དོན་དང་འཁྲིལ་ཏེ་ ངོས་ལེན་འབད་འོང་ཟེར་ བཙོན་ཁང་གི་སྡེ་འཛིན་གྱིས་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment