གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྦ་སྒོར་ཚུ་ བརྡལ་གཏང་ནིའི་དོན་ལུ་ དུས་ཚོད་ཐེབས་གནང་དགོ་པའི་ཞུ་བ།

༢༩/༣/༢༠༡༣   ༉ ཐིམ་ཕུ་ལྕང་ཇི་ཇི་ཟམ་གྱི་ སྦོ་ལོགས་ཁར་ ཁྲིམས་འགལ་ཐོག་ལས་ སྦ་སྒོར་རྐྱབ་མི་ཚུ་ ཁྲོམ་སྡེ་ལས་འཛིན་ལས་ བརྡལ་གཏང་དགོ་པའི་ ཡི་གུ་བཏང་མི་དེ་ དུས་ཡུན་ཐུང་སོཔ་ལས་ ས་ཁོངས་ནང་སྡོད་མི་ བཟའ་ཚང་ཚུ་ལུ་ ཁྱིམ་འཚོལ་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་འཕྲོ་ལས་ བརྡལ་གཏང་དགོཔ་སྦེ་ སླབ་སྟེ་ཡོད་མི་ གནས་སྐབས་སྦ་སྒོར་ཚུ།


ཡི་གུ་བཏང་མི་དེ་ལུ་ སྦ་སྒོར་ནང་ སྡོད་མི་ཚུ་ སེམས་དང་མ་ལྡན་མི་ཡང་ འབྲེལ་བ་ཡོད་མི་འགོ་དཔོན་ཚུ་གིས་ སྦ་སྒོར་ཚུ་ ཧེ་མ་ལས་ བརྡལ་གཏང་དགོ་པའི་ ཉེན་བརྡ་མ་འབད་བར་ དེ་འཕྲོ་ལས་འབད་དགོཔ་ད་ལུ་ ཁྱིམ་འཚོལ་མ་ཐོབ་པའི་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
ཨ་ལུ་༢ ཀྱི་ཨའི་ སྐྱེས་ལོ་༣༡ ལང་མི་ སི་ཏ་གིས་ སླབ་མི་དང་འཁྲིལཝ་ད་ ལོ་༡༠ དེ་ཅིག་གི་ཧེ་མར་ མོ་རའི་རྨགཔ་དེ་ ཐིམ་ཕུ་དང་ བར་སྦིས་ས་བར་ནའི་ མགྱོགས་ལམ་སེལ་བའི་སྐབས་ འབྲེལ་བ་ཡོད་པའི་ཡིག་ཚང་ལས་ སྦ་སྒོར་བཟོ་ཆོག་པའི་ གནང་བ་སྤྲོད་མི་དང་བསྟུན་ ད་ཚུན་གྱི་རིང་ སྦ་སྒོར་དེ་ནང་ སྡོད་ཅི་ཟེར་ཨིནམ་ད་ ད་རེས་ ཧང་སྟོང་མར་ ཁྲོམ་སྡེ་ལས་འཛིན་གྱིས་ སྦ་སྒོར་ཚུ་ བརྡལ་གཏང་དགོ་པའི་ ཡི་གུ་བཏངམ་ད་ ཁྱིམ་སྤོ་ནི་གི་ དུས་ཚོད་གངམ་མིན་འདུག་ཟེར་ཨིན་པས།
ཟླཝ་༡ གི་ནང་འཁོད་ལུ་ སྦ་སྒོར་ཚུ་ བརྡལ་གཏང་དགོ་པའི་ཁར་ ཁྱིམ་འཚོལ་དགོཔ་ད་ལུ་ རྩ་ལས་ར་ བྱ་སྟབས་མི་བདེ་བས་ཟེར་ ཨིནམ་ད་ ས་ཁོངས་ནང་ བཟའ་ཚང་༡༠ ལྷགཔ་ཅིག་ཡོད་མིའི་གྲངས་སུ་ ལ་ལུ་ཅིག་ ཁང་གླ་སྤྲོད་དེ་ སྡོད་དོ་ཡོདཔ་ད་ བཟའ་ཚང་ལ་ལུ་ཅིག་གིས་ གནང་བ་མེད་པར་ སྦ་སྒོར་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༠ དེ་ཅིག་ལུ་ མགྱོགས་ལམ་སེལ་བའི་སྐབས་ ལམ་སེལ་ལས་ཁུངས་ནང་ ལཱ་འབད་མི་ཚུ་ལུ་ ས་ཁོངས་དེ་ནང་ སྦ་སྒོར་རྐྱབ་ནིའི་ གོ་སྐབས་སྤྲོད་ཡོདཔ་བཞིན་དུ་ སྦ་སྒོར་རྐྱབ་མི་ཚུ་གིས་ ཁང་གླ་ཡང་ ལེན་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡོདཔ་ཨིན་པས།
ཐིམ་ཆུའི་མཐའམ་བདའ་སྟེ་ སྦ་སྒོར་དང་ ཁྱིམ་ཚུ་གི་བར་ན་ ས་སྟོང་མི་ཊར་༣༠ བཞག་དགོཔ་ཨིན་རུང་ སྦ་སྒོར་ཚུ་ མི་ཊར་༡༠ དང་༥ གི་བར་ན་ རྐྱབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁྲོམ་སྡེ་ལས་འཛིན་ལས་བཏང་མི་ ཡི་གུ་དང་འཁྲིལཝ་ད་ སྦ་སྒོར་རྐྱབ་མི་ཚུ་ གཞུང་ས་ནང་ཚུད་མི་དང་ སྣུམ་འཁོར་ལམ་བཟོ་སྐྲུན་འབད་སའི་ ས་ཁོངས་ཚུ་ནང་ ཚུད་ཡོདཔ་ལས་ ངེས་པར་དུ་ བཤུབ་བཏང་དགོ་པའི་ཁར་ དེ་ནང་སྡོད་མི་ བཟང་ཚང་ཚུ་ཡང་ གཙང་སྦྲ་དང་ལྡནམ་སྦེ་ མེད་ནི་དེ་གིས་ཨིན་ཟེར་ཨིན་པས།
ལོ་༣ ལྷགཔ་ཅིག་གི་རིང་ ཁང་གླ་དངུལ་ཀྲམ་༡,༥༠༠ སྤྲོད་ཐོག་ལས་སྡོད་མི་ སྐྱེས་ལོ་༢༦ འབད་མི་ ཚེ་རིང་གཡང་ཅན་གྱིས་ སླབ་མི་དང་འཁྲིལཝ་ད་ མ་གཞི་ ཐིམ་ཕུ་ལུ་ ཁང་གླ་ཆུང་ཀུ་སྤྲོད་ཐོག་ལས་ སྡོད་ནིའི་གོ་སྐབས་ ག་ཏེ་ཡང་མེདཔ་ལས་ ཕན་ཐོགས་སྦོམ་ཡོད་རུང་ ས་ཁོངས་དེ་ནང་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་མ་ཚུགས་པའི་དཀའ་ངལ་སྦོམ་ཡོད་པའི་ཁར་ ཆུའི་དཀའ་ངལ་དེ་ ཨ་རྟག་ར་ འཐོན་ནི་ཡོད་ཟེར་ཨིན་པས།
པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་ལས་ ཇོ་བདག་གིས་རྐྱབ་མི་ སྦ་སྒོར་ཚུ་ནང་ ཁང་གླ་སྤྲོད་དེ་ ལོ་༡ ལང་ཡོདཔ་ད་ དེ་འཕྲོ་ལས་ སྦ་སྒོར་བརྡལ་གཏང་སྟེ་ ཁྱིམ་འཚོལ་དགོ་པའི་ ཡི་གུ་བཏང་མི་དེ་ལུ་ ངོས་ལེན་ཡོད་རུང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ དུས་ཅི་ལོ་༡ ས་ཁོངས་དེ་ནང་ར་ སྡོད་ནི་ཡོདཔ་ཅིག་གི་ གསོལཝ་བཏབ་ནི་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྐྱེས་ལོ་༦ ལང་མི་ མོ་གི་བུམོ་དེ་ ལྕང་ཇི་ཇི་འབྲིང་རིམ་སློབ་གྲྭ་བར་མའི་ནང་ དཔེ་ཆ་ལྷབ་དོ་ཡོདཔ་ལས་ བྱ་སྟབས་མ་བདེ་བའི་དཀའ་ངལ་སྦོམ་ འཐོན་ནི་ཨིནམ་མ་ཚད་ མི་གཞན་ཚུ་བཟུམ་སྦེ་ དངུལ་ཕོགས་འཐོབ་ནི་མེདཔ་ལས་ སྦ་སྒོ་དེ་ནང་སྡོད་དེ་ གོ་ལ་རེ་འཐག་སྟེ་ གསོ་སྐྱོང་འཐབ་དོ་ཟེར་ སླབ་ཨིན་པས།
ཨིན་རུང་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ མགྱོགས་ལམ་སེལ་བའི་སྐབས་ ལས་མི་ཚུ་ལུ་ གནས་སྐབས་ཀྱི་དོན་ལུ་ སྦ་སྒོར་རྐྱབ་ཆོག་པའི་ གནང་བ་སྤྲོད་སྤྲོདཔ་ཨིན་ཟེར་ཨིནམ་ད་ ད་རེས་ནངས་པ་ ཁྲིམས་འགལ་ཐོག་ལས་ སྦ་སྒོར་རྐྱབ་སྡོད་མི་ ལེ་ཤ་ཡོདཔ་ལས་ ཁྲིམས་གཅིག་མཚུངས་སྦེ་ ལག་ལེན་འཐབ་ནི་ལུ་ བྱ་སྟབས་མི་བདེ་བས་ཟེར་ཨིན་པས།
དེ་མ་ཚད་ གནས་སྐབས་ཀྱི་དོན་ལུ་ སྦ་སྒོར་རྐྱབ་སྟེ་ སྡོད་ནིའི་དབང་ཚད་སྤྲོད་ཡོད་རུང་ ད་རེས་ནངས་པ་ ཧེ་མའི་ལཱ་འབད་མི་ཚུ་ སྦ་སྒོར་དེ་ནང་ མ་སྡོད་པའི་ཁར་ ཁང་གླར་སྤྲོད་དོ་ཡོདཔ་ལས་ དེ་ཡང་ ཚུལ་མིན་གྱི་ལཱ་བྱ་འཐབ་མི་ཅིག་ ཨིན་ཟེར་ཨིན་པས།
སྦ་སྒོར་ཚུ་ ཆ་མཉམ་ར་ དུས་ཚོད་བྱིན་མིའི་ནང་འཁོད་ལུ་ བརྡལ་མ་བཏང་པ་ཅིན་ ཁྲོམ་སྡེ་ལས་འཛིན་གྱིས་ ངོས་ལེན་དམ་དམ་འབད་ནི་ཨིན་ཟེར་བའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment