![]() |
ཡ་ལང་རྒེད་འོག་གི་གདམ་ངོ་ སྐྱེས་ལོ་༤༠ ལང་མི་ བཀྲ་ཤིས་ཕུན་ཚོགས། |
![]() |
འཇམ་མཁར་རྒེད་འོག་གི་གདམ་ངོ་ སྐྱེས་ལོ་༤༤ ལང་མི་ ཀརྨ་རྒྱལ་མཚན། |
སྤྱི་ཟླ་༣ པའི་ཚེས་༡༥ དང་༡༨ ཀྱི་བར་ན་ རྒེད་འོག་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་ ཡོངས་ཁྱབ་འཛིན་སྐྱོང་འགོ་དཔོན་བགྲེསཔ་ ཀརྨ་རྒྱལ་མཚན་དེ་ འཇམ་མཁར་རྒེད་འོག་གི་ མི་ངོ་སྦེ་ གདམ་འཐུ་འབད་ཡོདཔ་ད་ བཀྲ་ཤིས་ཕུན་ཚོགས་དེ་ ཡ་ལང་རྒེད་འོག་གི་ མི་ངོ་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༤༤ ལང་མི་ ཀརྨ་རྒྱལ་མཚན་གྱིས་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ རྒེད་འོག་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ དགོ་ཟེར་བའི་ཚོགས་རྒྱན་༢༡༥ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༡༥ ཐོབ་ཡོདཔ་ད་ ཁོ་གིས་ རྒྱ་གར་ཏ་མིལ་ན་དུ་ལུ་ ཨེས་ཨེས་ཨེམ་གཙུག་ལག་སློབ་སྡེ་ལས་ ཚོང་འབྲེལ་ནང་ མཱས་ཊར་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
ད་ལྟོ་བཟུམ་སྦེ་ བཙག་འཐུ་ངོ་མ་ནང་ཡང་ མཐར་འཁྱོལ་ཅན་འགྱོ་ཚུགས་པའི་ ཡིད་ཆེས་ཡོད་མི་ ཀརྨ་རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ སྤྱི་ཟླ་༣ པའི་༢༥ ལས་ ཁོ་རའི་ལྟ་སྐོར་ལས་རིམ་ འགོ་བཙུགས་ནི་ཟེར་ཨིན་པས།
བཙག་འཐུ་ཡིག་ཚང་གིས་ ཚེས་གྲངས་ཚུ་ གཏན་འཁེལ་བཟོ་བའི་ཤུལ་ལས་ སྤྱིར་བཏང་གྲོས་གནས་ནང་ བཅའ་མར་གཏོགས་ནི་ཨིནམ་ད་ དུས་ཚོད་འཐོབ་པ་ཅིན་ སྒོ་བཤལ་ལྟ་སྐོར་འབད་ནི་ཨིན་ཟེར་ཨིན་པས།
ཡ་ལང་རྒེད་འོག་ནང་ སྐྱེས་ལོ་༤༠ ལང་མི་ བཀྲ་ཤིས་ཕུན་ཚོགས་ཀྱིས་ དགོ་ཟེར་བའི་ཚོགས་རྒྱན་༡༧༨ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༡༧ ཐོབ་ཡོདཔ་ད་ ཁོ་གིས་ ལོ་ངོ་༡༦ གི་རིང་ སློབ་དཔོན་ལས་འགོ་བཟུང་སྟེ་ ཤེས་རིག་ལྟ་རྟོག་འགོ་དཔོན་ཚུན་གྱི་ ལཱ་འགན་ཚུ་ འབག་ཡོདཔ་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་གྲོས་གནས་ནང་ ལྟ་སྐོར་འབད་བའི་སྐབས་ མི་ཚུ་ལུ་ ཚོགས་སྡེ་དང་ དམངས་གཙོའི་སྐོར་ལས་ གོ་བརྡ་སྤྲོད་ནི་ཟེར་ཨིན་པས།
དེ་དང་འབྲེལ་ དར་དཀར་ནང་ལུ་འབད་བ་ཅིན་ རྫོང་ཁག་གི་ རྒེད་འོག་༡༢ ཆ་མཉམ་ནང་ འཛོམས་འདུ་འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ ཚོགས་སྡེའི་མི་ངོ་ཅིག་ཡང་ གདམ་འཐུ་མ་འབད་བར་ཡོདཔ་ད་ རྒེད་འོག་ལྷག་ལུས་ཡོད་མི་ ཀ་ནག་དང་ སྒོ་ཤིང་རྒེད་འོག་༢ ནང་ སྤྱི་ཟླ་༣ པའི་ཚེས་༢༥ དང་༢༦ ལུ་ འཛོམས་འདུ་འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ ཀརྨ་དབང་ཕྱུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷ་མོའི་རྫིང་ཁ་རྒེད་འོག་ལས་ མི་ངོ་༡ ཡོདཔ་ཨིན་རུང་ ཁོ་གིས་ འཛོམས་འདུ་སྐབས་ མ་འོང་པས་ཟེར་ཨིན་པས།
ཁོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ མི་ངོ་དེ་གི་སྐོར་ལས་ གཡུས་མི་ཚུ་ལུ་ དྲི་བའི་སྐབས་ ལ་ལུ་ཅིག་གིས་ རྒྱ་གར་ལུ་ ཁོ་རའི་ ཤེས་ཚད་ལག་ཁྱེར་ལེན་པར་ སོང་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment