གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་དྭགས་སེམས་ཅན་ཚུ་སྲུང་ཐོག་ལས་ ཞག་ཞིང་ནང་ ཉལ་སྡོད་དོ་ཡོདཔ།

༢༣/༣/༢༠༡༣   ༉ ཧཱ་རྫོང་ཁག་གི་ མི་སེར་སོ་ནམ་པ་ མང་ཤོས་ཅིག་གིས་ ཞིང་ཁ་ ཀེ་བ་བཙུགས་པའི་ཉིནམ་ལས་འགོ་བཙུགས་ ཀེ་བ་ བསྡུ་གསོག་འབད་མ་ཚར་ཚུན་ རི་དྭགས་སེམས་ཅན་ཚུ་སྲུང་ཐོག་ལས་ ཞག་ཞིང་ནང་ ཉལ་སྡོད་དོ་ཡོདཔ་ཨིན་པས།
ཀེ་བའི་ཞིང་ནང་སྲུང་སྡོད་མི་ སྐྱིབ་ཅུ་ཚེ་རིང་།


ཧཱ་དེ་ ས་ཁ་མཐོ་སའི་ལུང་གཤོང་ཅིག་འབད་ནི་དེ་གིས་ དངུལ་ཐོག་ ཀེ་བ་དང་ ཨེ་པཱལ་ དེ་ལས་ ཚོད་བསྲེ་ཚུ་ལས་བརྒལ་ སོ་ནམ་ཐོན་སྐྱེད་གཞན་ མི་འཚོ་དོ་ཡོདཔ་ཨིན་པས།
ཧཱ་ཨིང་མགོ་ལས་ སོ་ནམ་ཞིང་པ་ཅིག་ཨིན་མི་ སྐྱིབ་ཅུ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཞིང་ཁ་ ཀེ་བ་བཙུགས་པའི་ཉིནམ་ལས་འགོ་བཙུགས་ཏེ་ རི་ཕག་གིས་ གནོདཔ་བཀལ་འོང་མནོ་བའི་ ཚ་གྱང་གིས་ ཞིང་ཁར་ཞག་ཉལ་ཐོག་ལས་ སྲུང་སྡོདཔ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༥༢ ལང་མི་ སྒྲོལ་མ་གིས་ མོ་གི་ཞིང་ཁ་ ཐོག་སྲུང་ནིའི་དོན་ལུ་ མང་ཤོས་ར་ མོ་རའི་བུ་གིས་ ཉལ་བ་འགྱོ་དོ་ཡོདཔ་ཨིན་རུང་ རེ་ཚེ་སྐབས་ ཁོ་ཕར་ཚུར་འགྱོ་དགོཔ་ཐོནམ་ད་ མོ་ར་ ཉལ་བ་འགྱོཝ་ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ཞག་ཅིག་ར་ སྲུང་པ་འགྱོ་མ་ཚུགས་རུང་ ནངས་པ་གནམ་ལང་བའི་བསྒང་ལས་ ཞིང་ནང་ཀེ་བ་བཙུགས་ཡོད་མི་ཚུ་ རི་ཕགཔ་གིས་ལ་ལུ་ཅིག་ཟ་ ལ་ལུ་ ས་ནང་ལས་ ཕྱི་ཁར་བཏོན་ཏེ་བཞགཔ་མས་ཟེར་ཨིན་པས།
རང་གིས་ དཀའཝ་སྤྱད་དེ་འབད་མིའི་ལོ་ཐོག་ཚུ་ ལེགས་ཤོམ་སྦེ་ བསྡུ་གསོག་འབད་ཚུགས་ཐབས་ལུ་ ཞག་ཞིང་ཁར་ཉལ་ཐོག་ལས་ ཐོག་སྲུངམ་ཨིན་ཟེར་ སྒྲོམ་མ་གིས་ བཤདཔ་ཨིན་པས།
མོ་གིས་ རི་ཕག་འོང་ནི་ལས་བཀག་ཐབས་ལུ་ ཞིང་གི་ མཐའམ་བདའ་སྟེ་ མེ་འཕུ་བཞགཔ་ཨིན་ཟེར་ཨིན་པས།
ཕྱི་རུའི་ཆུ་ཚོད་༨ ལས་འགོ་བཙུགས་ཏེ་ དྲོ་པའི་ཆུ་ཚོད་༢ ཚུན་ སོ་ནམ་ཞིང་པ་ ཞིང་ཁར་ཉལ་མི་ཚུ་གིས་ ལྕགས་ཀྲིན་བརྡུང་ནི་དང་ སྐད་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན་པས།
སྐྱིབ་ཅུ་གིས་ བཤད་མི་དང་འཁྲིལཝ་ད་ རི་ཕག་ཚུ་གིས་ ས་ཞིང་ཨེ་ཀར་༡ མེདཔ་གཏང་ནི་ལུ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ལས་ མི་འགོར་བས་ཟེར་ཨིན་པས།
ཧཱ་རྫོང་ཁག་གི་ སོ་ནམ་ལས་ཁུངས་ཀྱིས་ མི་སེར་སོ་ནམ་པ་ཚུ་ལུ་ རི་ཕག་དེ་ དཀའ་ངལ་ཅན་ཅིག་ཨིནམ་ ཧ་གོ་ཞིནམ་ལས་ ཐིམ་ཕུ་ རྒྱལ་ཡོངས་སྐྱེ་ཤིང་སྲུང་སྐྱོབ་ལྟེ་བ་དང་ སོ་ནམ་ལས་ཁུངས་གཉིས་ མཉམ་རུབ་ཐོག་ལས་ གཡུས་ཚན་༣ ནང་ གློག་མེའི་རྒྱུད་ཐག་གི་ རཝ་ཚུ་ཡང་ རྐྱབ་སྟེ་ཡོད་ཟེར་ཨིན་པས།
རྫོང་ཁག་ སོ་ནམ་འགོ་དཔོན་ ཨེམ་ཨེལ་ བཱ་ཊ་རའི་གིས་ ཀུན་གསལ་ལུ་སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་ མོ་བཏབ་ཀྱི་དོན་ལུ་ གློག་མེའི་རྒྱུད་ཐག་གི་ རཝ་རྐྱབ་སྟེ་ མི་སེར་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།
རཝ་དེ་རྐྱབ་ཡོད་རུང་ དེ་གིས་ ལཱ་ལེགས་ཤོམ་སྦེ་ འབད་དགོཔ་འདྲཝ་ཅིག་འབད་བ་ཅིན་ མི་སེར་ཚུ་གིས་ དེ་གི་མཐའ་འཁོར་ལུ་ཡོད་པའི་ རྩྭ་ཚུ་བཏོག་སྟེ་ བདག་འཛིན་འཐབ་དགོཔ་ཁག་ཆེ་ཟེར་ཨིན་པས།
མི་སེར་མང་ཤོས་ཅིག་གིས་ གློག་མེའི་རྒྱུན་ཐག་གི་རཝ་དེ་ རྐྱབ་ཞིནམ་ལས་ ཕན་ཐོགས་ཡོད་པའི་སྐོར་ལས་ ངོས་ལེན་བྱུང་ཡི་ ཟེར་ཨིན་པས།
སོ་ནམ་པ་ཅིག་ཨིན་མི་ ཕུར་པ་གིས་བཤད་མི་དང་འཁྲིལཝ་ད་ ན་ཧིང་ གློག་ཐག་གི་རཝ་རྐྱབ་ཞིནམ་ལས་ ཕན་ཐོགས་དུམ་གྲ་ཅིག་བྱུང་ཡོདཔ་ཨིན་རུང་ ཤུལ་ལས་ བདག་འཛིན་ལེགས་ཤོམ་སྦེ་མ་འཐབ་པའི་ཁར་  གཡུས་མི་ཚུ་གིས་ རྒྱུན་སྐྱོང་འབད་ནི་ལུ་ མཉམ་འབྲེལ་འབད་མ་བཏུབ་མི་ལུ་བརྟེན་ དཀའ་ངལ་ཐོན་ཡི་ཟེར་ཨིན་པས།
སྐྱེས་ལོ་༧༣ ལང་མི་ བཙན་རྒྱས་ཡང་ ལོ་ཐོག་སྲུང་དགོ་དོ་ཡོདཔ་ལས་ ཁོ་ར་ ཞིང་ཁར་ ཐོག་སྲུང་སྟེ་ ཉལ་སྡོད་ནི་ནང་ དཀའ་ངལ་སྦོམ་ཐོན་དོ་ཡོདཔ་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ དངུལ་ཐོག་འཛུགས་སྐྱོང་འཐབ་མི་ཚུ་ འཚོ་པའི་བསྒང་ལས་ དེ་ཚུ་བཙོང་སྟེ་ ལོ་གཅིག་གི་ རྒྱགས་སྐལ་དང་ གཞི་རྟེན་མཁོ་ཆས་ཚུ་ འདི་ལུ་བརྟེན་ཏེ་ ཉོ་དགོཔ་ལས་ ཉིནམ་ཨ་རྟག་ར་ ཐོག་མ་སྲུང་པ་ཐབས་ར་ མེད་ཟེར་ཨིན་པས།
ན་ཧིང་གི་ལོ་ནང་ སྐྱིབ་ཅུ་ཚེ་རིང་གིས་ ཀེ་བ་བཙོང་ཐོག་ལས་ འོང་འབབ་ལེགས་ཤོམ་བཟོ་ཡོདཔ་ལས་ དུས་ཅི་ཡང་ ཁོ་གིས་ ཀེ་བ་ ག་དེ་དྲག་དྲག་སྲུང་སྟེ་ འོང་འབབ་ལེགས་ཤོམ་བཟོ་ཚུགཔ་ འབད་ནི་ཟེར་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment