གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲི་ལྷག་གི་ཤེས་ཡོན་མེད་རུང་ བློ་ཟེ་བསྒྱུར་ནི་ལུ་མཁས་དྲགས།

༢༦/༣/༢༠༡༣   ༉ རྒྱལ་ཁབ་ནང་ བློ་ཟེ་བསྒྱུར་ནི་ལུ་ མཁས་ཤོས་ཅིག་ཨིན་མི་ སྤ་རོ་ རྡོཔ་ཤར་རི་རྒེད་འོག་ རྒྱུ་བར་ལས་ སྐྱེས་ལོ་༤༤ ལང་མི་ རིག་འཛིན་སྒྲོལ་མ་གིས་ མོ་རའི་བསམ་དོན་ཚུ་ གྲུབ་ཚར་ཡོདཔ་ལས་ ད་ལས་ཕར་ བློ་ཟེ་འགྲན་བསྡུར་ཚུ་ནང་ བཅའ་མར་མི་གཏོགས་ཟེར་ཨིན་པས།
རིག་འཛིན་སྒྲོལ་མ།


བུ་༣ གྱི་ཨའི་ཨིན་མི་ རིག་འཛིན་སྒྲོལ་མ་གིས་ སྤྱི་ལོ་༢༠༡༢ ལུ་ འབྲུག་གི་ཁྱད་འཕགས་ཅན་གྱི་ གསུང་སྐད་འགྲན་བསྡུར་སྐབས་ བློ་ཟེ་བསྒྱུར་ནིའི་ནང་ ཨང་དང་པ་ ཐོན་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༨ ལུ་ཡང་ སྤ་རོ་རྫོང་ཁག་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ར་ ལོ་ན་ཆུང་ཀུའི་བསྒང་ལས་ར་ བློ་ཟེ་བསྒྱུར་ནི་ལུ་ སྤྲོ་བ་སྦོམ་ཡོདཔ་བཞིན་དུ་ ད་རེས་ཚུན་ཚོད་ཀྱི་བར་ན་ གྲུབ་འབྲས་ཡང་ སྦོམ་སྦེ་ར་ བཏོན་ཚུགས་ནི་དེ་གིས་ ངལ་རངསམ་མ་ཚད་ སེམས་དགའ་ཡི་ཟེར་ཨིན་པས།
རིག་འཛིན་སྒྲོལ་མ་ལུ་ འབྲི་ལྷག་གི་ཤེས་ཡོན་ ག་ཅི་ཡང་མེད་རུང་ མོ་གིས་ བློ་ཟེ་ཚུ་ ལེ་ཤ་ཅིག་ར་ ཤེས་དོ་ཡོད་མི་ལུ་ལྟ་བ་ཅིན་ ཡིད་ཆེས་སི་སི་ཅིག་སྦེ་ མཐོང་དོ་ཡོདཔ་ད་ མོ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ མོ་ར་ བློ་ཟེ་བསྒྱུར་ནི་ལུ་ སྤྲོ་བ་སྦོམ་ཡོད་མི་ལུ་བརྟེན་ བློ་ཟེ་ཚུ་ མི་གཞན་ལས་ ཚར་ཅིག་གོཝ་ཅིག་ སེམས་ཁར་དྲན་ཚུགས་ཟེར་ཨིན་པས།
སྐྱ་ཡང་ རང་ལུགས་དང་མཐུནམ་སྦེ་ བཏོགས་སྡོད་མི་ ཨམ་དེ་གིས་འབད་བ་ཅིན་ ད་རེས་ནངས་པ་ བློ་ཟེ་གི་ ཀི་དེབ་ཚུ་ཡང་ ལེ་ཤ་ཅིག་ར་ བཟོ་སྟེ་ཡོདཔ་ཨིན་རུང་ གལ་སྲིད་ ཀི་དེབ་ཚུ་ནང་ལས་ལྷབ་མི་ བློ་ཟེ་རྐྱངམ་གཅིག་འབད་བ་ཅིན་ འགྲན་བསྡུར་གྱི་སྐབས་ རང་གི་བྱང་ཕྱད་ཀྱིས་ ག་ཅི་སླབ་འོང་ག་ མ་ཤེས་ནི་དེ་གིས་ འགྲན་བསྡུར་ཚུ་ནང་ ལེགས་ཤོམ་སྦེ་ འགྱོ་མི་བཏུབ་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ མོ་གིས་ བློ་ཟེ་མང་ཤོས་ར་ མོ་རའི་བྱང་ཕྱད་ཀྱི་ བཟོ་རྣམ་དང་ བྱ་སྤྱོད་ཚུ་ལུ་ལྟ་སྟེ་ བསྒྱུར་དོ་ཡོདཔ་ལས་ བློ་ཟེ་ཁྱད་ཕྱད་པའི་སྐབས་ བྱང་ཕྱད་དེ་གི་སྐོར་ལས་ དུམ་གྲ་ཅིག་ ཧ་གོ་དགོཔ་དེ་ཡང་ ཁག་ཆེ་ཟེར་ཨིན་པས།
དེ་དང་འཁྲིལ་ མོ་གིས་ བྱང་ཕྱད་ཀྱིས་སླབ་མི་ བློ་ཟེ་ཚུ་དང་འཁྲིལ་ མོ་རའི་ རིག་རྩལ་གྱི་ཐོག་ལས་སྦེ་ བློ་ཟེ་གསརཔ་ཚུ་བཟོ་སྟེ་ བསྒྱུར་དོ་ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ སློབ་ཕྲུག་ཨ་ལུ་དག་པ་ཅིག་གིས་ བློ་ཟེ་ལྷབ་དགོ་པས་ཟེར་སླབ་སྟེ་ མོ་གི་ཁྱིམ་ནང་ འོང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ག་ཡང་འོང་ནི་མེདཔ་ལས་ རེ་ཚེ་སྐབས་ མོ་རའི་ཨ་ལུ་ཚུ་ སློབ་གྲྭ་ནང་ བློ་ཟེ་བསྒྱུར་དགོཔ་རེ་ཐོནམ་ད་ དུམ་གྲ་རེ་ བཏོན་བྱིན་ནི་ཡོད་ཟེར་ཨིན་པས།
འདས་པའི་འགྲན་བསྡུར་ཚུ་གི་སྐབས་ལུ་བྱུང་མི་ མོ་རའི་ ཉམས་མྱོང་ཚུ་གི་སྐོར་ལས་ བཤད་མིའི་ནང་ འབྲུག་གི་ཁྱད་འཕགས་ཅན་གྱི་ གསུང་སྐད་འགྲན་བསྡུར་སྐབས་ བྱང་ཕྱད་༢ ཆ་ར་ མོ་ར་ལས་ ལོ་ན་རྒས་ནི་དེ་གིས་ མནོ་ཚད་ཅིག་ སླབ་མ་ཚུགས་ཟེར་ཨིནམ་ད་ བྱང་ཕྱད་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ ཁོང་ཁྲོ་ལང་པའི་ དཀའ་ངལ་ཚུ་ཡང་ བྱུང་ཡི་ཟེར་ཨིན་པས།
རིག་འཛིན་སྒྲོལ་མ་གིས་ མོ་རའི་ འདས་པའི་ཉམས་མྱོང་ཚུ་ དྲན་ཚོར་འབད་དེ་ སླབ་མིའི་ནང་ མ་གཞི་ མོ་ར་ ཆུང་ཀུ་སྦེ་ སྡོད་པའི་སྐབས་ རྫོང་ཁག་དེ་ནང་ བློ་ཟེ་ཟེར་ ལོགས་སུ་སྦེ་ འགྲན་བསྡུར་འབད་ནི་ མེདཔ་ཨིན་རུང་ མང་ཤོས་ཅིག་ ཁྱིམ་གྱི་ སྤ་འཆམ་པའི་སྐབས་ སྤ་ཚིག་སྦེ་ བསྒྱུར་ནི་ཡོད་ཟེར་ཨིནམ་ད་ སྤ་རོཔ་ཚུ་གིས་འབད་བ་ཅིན་ དེ་ལུ་ སྤགས་ཚིག་བཀོད་ནི་ཟེར་ སླབ་དོ་ཡོདཔ་ཨིན་པས།
ཁྱིམ་གསརཔ་རྐྱབ་པའི་སྐབས་ སྤགས་ཚིག་བཀོད་དགོ་མི་དེ་ཡང་ སྤགས་ཚིག་ཚུ་དང་འཁྲིལ་ ཁྱིམ་དེ་ནང་ ལེགས་ཤོམ་དང་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ འབྱུང་ནིའི་ སྨོན་ཚིག་གི་དོན་ལུ་ཨིན་པས།
དེ་འབད་ནི་དེ་གིས་ གཡུས་མི་མང་ཤོས་ཅིག་གིས་ ཁྱིམ་ཚུ་རྐྱབ་པའི་སྐབས་ རིག་འཛིན་སྒྲོལ་མ་འབོ་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ སྤགས་ཚིག་ཚུ་ གདངས་སྦེ་འཐེན་དགོཔ་ཨིན་རུང་ མོ་ལུ་ སྐད་ལེགས་ཤོམ་ཅིག་ མེད་ཟེར་ཨིན་པས།
དང་ཕུ་འབད་བ་ཅིན་ སྤགས་འཆམ་པའི་སྐབས་ ལཱ་འབད་སའི་ ས་ཁོངས་ཚུ་བརྒྱུད་དེ་ ལམ་འགྱོ་མི་ཚུ་ མཐོང་པའི་སྐབས་ སྤགས་ཚིག་གི་ཐོག་ལས་སྦེ་ དཀྲོགས་ནི་ཡོད་ཟེར་ཨིནམ་ད་ གལ་སྲིད་ ལམ་འགྱོ་མི་དེ་ཡང་ བློ་ཟེ་ཤེས་མི་འབད་བ་ཅིན་ ལོག་སྟེ་ ལན་རྐྱབ་ཐོག་ལས་ འཕྱད་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ ད་རེས་ བློ་ཟེ་བསྒྱུར་ཤེས་མི་ མང་ཤོས་ར་ ལོ་ན་རྒན་ཤོས་ཚུ་འབད་ནི་དེ་གིས་ མ་འོངས་བུ་བརྒྱུད་ཚུ་གི་སྐབས་ བློ་ཟེ་ཚུ་ མ་ཉམས་པར་ ག་དེ་སྦེ་ བཞག་ཚུགས་འོང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ སླབ་མ་ཚད་ ཞབས་ཁྲ་བཟུམ་སྦེ་ བློ་ཟེ་ལུ་ཡང་ དགའ་གླུ་དང་ སྐྱོ་གླུ་ དེ་ལས་ དགྲ་གླུ་སྦེ་ དབྱེ་བ་ཕྱེ་ནི་ཡོདཔ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment