གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ རྩི་རང་ཁྲོམ་ནང་ འཐུང་ཆུའི་དཀའ་ངལ་མི་འབྱུང་ནི།

༢༩/༣/༢༠༡༣  ༉ རྩི་རང་ཁྲོམ་དང་ ཉེ་འདབས་ཀྱི་ས་ཁོངས་ནང་ ད་ཚུན་ ལོ་ལས་བཅད་དེ་ གནམ་དགུན་ཨ་རྟག་ར་ འཐུང་ཆུ་མ་ལང་པའི་དཀའ་ངལ་ ཐོན་བཞིན་དུ་ཡོད་མི་དེ་ འཕྲལ་ཁམས་ཅིག་ཁར་ བསལ་ཚུགས་ཡོདཔ་ཨིན་པས།
འཐུང་ཆུའི་དཀའ་ངལ་བསལ་ཚར་མི་ རྩི་རང་ཁྲོམ།


འཐུང་ཆུ་ལངམ་མེད་མི་ལུ་བརྟེན་ གནམ་དགུན་གྱི་དུས་ཚོད་ལུ་ སྐམ་ལུས་མི་ ཆུའི་ཀ་ལི་ཚུ་ནང་ ཆུ་འོང་མི་ལུ་བརྟེན་ ཁྲོམ་ཁར་སྡོད་མི་ཚུ་ སེམས་དགའ་སྟེ་འདུག།
དེ་ཡང་ ཁྲོམ་གྱི་དོན་ལུ་ འཐུང་ཆུ་དེ་ ཉེ་འདབས་ཀྱི་ས་གནས་ ཤི་ད་ཁོ་ལ་དང་ ར་མི་ཏེ་ ཅི་སང་ཁོ་ལ་ དེ་ལས་ གེ་རི་ཅོག་ཟེར་མི་ ས་གནས་ཁག་༤ ནང་ལས་ ཆུ་ཆུང་ཀུ་ཁག་༤ ཡོད་མི་དེ་ བསྡུ་བསྒྱོམ་འབད་ཞིནམ་ལས་ ཁྲོམ་གྱི་དོན་ལུ་ བཀྲམ་སྤེལ་འབད་མི་དེ་ གནམ་བྱཱར་ ཆརཔ་རྐྱབ་པའི་སྐབས་ ཆུ་ཚུ་བྲེས་པའི་དཀའ་ངལ་ མ་ཐོནམ་ཨིན་རུང་ གནམ་དགུན་ཨ་རྟག་ར་ དཀའ་ངལ་ཚུ་ ཐོན་དང་འཐོན་བཞིན་དུ་ཡོདཔ་ཨིན་པས།
དེ་འབདཝ་ལས་བརྟེན་ རྫོང་ཁག་ཁྲོམ་སྡེ་ལས་འཛིན་གྱིས་ རྩི་རང་ཁྲོམ་ཁ་ལས་ གསར་སྤང་གཞུང་ལམ་བལྟ་སྟེ་ ཀི་ལོ་མི་ཊར་༢༢ དེ་ཅིག་གི་ས་གནས་ པའུ་ཁོ་ལ་ཟེར་ས་ལས་ རྐ་གསརཔ་ཅིག་ནང་ལས་ འཐུང་ཆུ་བཏོན་ཡོད་མི་དེ་གིས་ ཡུན་རིངམོ་སྦེ་གནས་མི་ དཀའ་ངལ་དེ་ བསལ་ཡོདཔ་ཨིན་པས།
རྐ་གསརཔ་ལས་བཏོན་མི་ འཐུང་ཆུ་དེ་ ཁྲོམ་དང་ ཉེ་འདབས་ལུ་སྡོད་མི་ གཞུང་གི་ཡིག་ཚང་ སློབ་གྲྭ་ཚུ་བསྡོམས་ཏེ་ ཁྱིམ་གུང་༤,༠༠༠ དེ་ཅིག་ཡོད་མི་ཚུ་ལུ་ འདས་པའི་བདུན་མཐའི་ རེས་གཟའ་ཉི་མ་ལས་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཁྲོམ་ཁར་ཚོང་རྐྱབ་སྡོད་མི་ཅིག་ཨིན་མི་ ལུང་བསྟན་བཟང་མོ་གིས་ སླབ་མིའི་ནང་ མོ་དང་ མོ་རའི་བཟའ་ཚང་ཚུ་ ཁྱིམ་གྱི་སྟེང་ཐོག་ལུ་ སྡོད་དོ་ཡོདཔ་བཞིན་དུ་ དེ་ནང་ ཆུ་མ་འོང་མི་ལུ་བརྟེན་ ཨ་རྟག་ར་ ཆུ་ལེན་པར་ འོག་ཐོག་དང་ གཞན་ཁར་ལས་ཕར་ འགྱོ་དགོ་ནི་དེ་གིས་ དཀའ་སྡུག་ཐེབས་མྱོང་དོ་ཡོདཔ་ལས་ ད་རེས་ནངས་པ་ ཆུ་མ་ཆད་པར་ འོང་མི་དེ་གིས་ གཙང་སྦྲ་འཕྲོད་བསྟེན་ལུ་ཡང་ ཤུགས་བཏོན་ཚུགས་ནི་ཨིནམ་ལས་ སེམས་དགའ་སྟེ་ཡོད་ཟེར་ཨིན་པས།
ད་རུང་ ཁྲོམ་ཁར་སྡོད་མི་ཅིག་ཨིན་མི་ རྒྱ་མཚོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཆུ་དེ་ དྲོ་པ་ཧ་སག་ དུས་ཡུན་ཆུ་ཚོད་ཕྱེད་དེ་ཅིག་ལས་བརྒལ་ མ་འོང་མི་ལུ་བརྟེན་ དྲོ་པ་ཧ་ལས་ལོང་སྟེ་ ཧོད་ཚུ་ནང་ ཆུ་བཟེད་བཞག་སྟེ་ ཚད་འཛིན་ཐོག་ འབད་སྤྱོད་འབད་དགོ་ཟེར་ཨིན་པས།
ཁྲོམ་ཁར་ བཟའ་ཁང་ལག་ལེན་འཐབ་མི་ཅིག་གིས་འབད་བ་ཅིན་ བཟའ་ཁང་ནང་ ཆུ་དེ་ གལ་ཅན་ཅིག་ཨིནམ་བཞིན་དུ་ ཆུ་ལངམ་མ་འོང་མི་ལུ་བརྟེན་ ལྟོ་བཟའ་མི་མང་སུ་སྦེ་ འོང་པའི་སྐབས་ལུ་དང་ འཕྲལ་འཕྲལ་ར་ བཞེས་སྒོ་སྐྱེལ་དྲང་ འབད་ནི་ཚུ་ཐོབ་ད་ དཀའ་སྡུག་སྦོམ་མྱོང་ཡོདཔ་ད་ ད་ལས་ཕར་ ཆུ་སྦོམ་འོང་དོ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ བཟའ་ཁང་ཚུ་ལུ་ དུས་ཡུན་ཆུ་ཚོད་༢༤ གི་རིང་དང་ གཞན་མི་ཚུ་ལུ་ དྲོ་པ་དང་ ཕྱི་རུ་ཚར་རེ་ དུས་ཚོད་བཀག་སྟེ་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་ ཊི་བི་ གུ་རུང་གིས་ སླབ་མིའི་ནང་ མ་གཞི་ འཐུང་ཆུ་དེ་ གསརཔ་མེན་པར་ ཧེ་མ་ སྤྱི་ལོ་༢༠༠༩ ལུ་བཏོན་ཡོད་མི་དེ་ ལོ་ཕྱེད་དང་༢ དེ་ཅིག་ བཀྲམ་སྤེལ་འབད་ཚར་བའི་ཤུལ་ལུ་ རྩི་རང་དང་ གསར་སྤང་བར་ནའི་གཞུང་ལམ་ རྒྱ་བསྐྱེད་འབད་བའི་སྐབས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཡོདཔ་ད་ ན་ཧིང་ སྤྱི་ལོ་༢༠༡༢ འགོ་བཙུགས་ཁམས་ལུ་ ས་གནས་ཀྱི་ ཁག་འབག་ཅིག་ལུ་ ཉམས་བཅོས་འབད་ནི་ སྤྲོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉམས་བཅོས་ཀྱི་ ལཱ་གི་གྲངས་སུ་ སྦོམ་ཤོས་ར་ ལྕགས་ཀྱི་ཆུ་དུང་ མི་ཊར་༩༠༠ དེ་ཅིག་ མེདཔ་བཏང་མི་ རྩི་རང་ཁྲོམ་ཁ་ལས་ གསར་སྤང་བལྟ་སྟེ་ ཀི་ལོ་མི་ཊར་༡༠ དེ་ཅིག་གི་ས་གནས་ རག་ཤ་ཌང་ར་དང་ ད་རུང་ ས་གནས་ཁག་༥ དེ་ཅིག་ནང་ ས་རུད་ཐོན་མི་ཚུ་ལུ་བརྟེན་ མེདཔ་བཏང་མི་ ཆུ་དུང་ཚུ་ གསརཔ་བཙུགས་ཏེ་ ཉམས་བཅོས་འབད་འབདཝ་ ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་དང་འཁྲིལཝ་ད་ ཉམས་བཅོས་ཀྱི་ ལཱ་ཚུ་གི་དོན་ལུ་ ཟད་འགྲོ་མ་དངུལ་ དངུལ་ཀྲམ་ས་ཡ་ཕྱེད་དང་༢ གནས་ཡོདཔ་ད་ ཆུ་དུང་ཚུ་ཡང་ མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་ཐོག་ལས་བཟོ་ཡོད་རུང་ ཚ་གྱང་སྦོམ་ཤོས་ར་ གནམ་བྱཱར་ཨ་རྟག་ར་ ས་རུད་ཆདཔ་ཆད་དེ་ར་སྡོད་མི་ རག་ཤ་ཌང་ར་ལུ་རྐྱངམ་གཅིག་ཨིནམ་ད་ དེ་མིན་ ཆུའི་དཀའ་ངལ་དེ་ བསལ་ཚརཝ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment