![]() |
ཤུ་མར་རྒེད་འོག་གི་གདམ་ངོ་ འཇིགས་མེད་རིག་འཛིན། |
གདམ་ངོ་དེ་གི་དོན་ལུ་ རྒེད་འོག་གི་ མཐའ་ཟུར་སྤྱི་འོག་ ཟླ་སྒོར་ལུ་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ དགོ་ཟེར་བའི་ཚོགས་རྒྱན་༥༣ དང་ མི་དགོ་ཟེར་མི་༤ ཐོན་ཡོདཔ་ལས་ ཁོ་གིས་ རྒེད་འོག་ནང་ལས་ ཚོགས་རྒྱན་བསྡོམས་༤༡༢ དང་ མི་དགོ་ཟེར་བའི་ཚོགས་རྒྱན་༧༧ ཐོབ་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་གཞན་ཚུ་དང་ཕྱདཔ་ད་ ཤུ་མར་རྒེད་འོག་ནང་ འཛོམས་འདུ་གི་དོན་ལུ་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཅིག་ཨིནམ་ད་ རྒེད་འོག་དེ་གི་ མི་སེར་ལ་ལུ་ཅིག་གིས་ གདམ་ངོ་གསརཔ་ཐོན་མི་ལུ་ ཡིད་ཆེས་མེད་དོ་བཟུམ་མའི་ ཚོར་སྣང་བཤདཔ་ཨིན་པས།
རྒེད་འོག་དེ་གི་ རྒས་ཤོས་ཅིག་ཨིན་མི་ ཆོས་འཕེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གྲོང་གསེབ་ཀྱི་དཀའ་ངལ་སྐོར་ལས་ རྙིངམ་ཚུ་གིས་ མངམ་ཧ་གོ་ཚུགསཔ་ལས་ རྙིངམ་ར་ གདམ་ཁ་ཡོདཔ་སྦེ་ བཤད་པའི་ཁར་ སྐྱེས་ལོ་༦༣ ལང་མི་ཅིག་གིས་ གསརཔ་ཚུ་ལུ་ཡང་ གོ་སྐབས་བྱིན་པ་ཅིན་ ལྟ་བ་དང་གནས་སྐབས་ ག་བཟུམ་ཡོད་ག་ སླབ་མི་ཤེས་ཟེར་ཨིན་པས།
གཡུས་མི་གཞན་ཅིག་གིས་ ཆོས་འཕེལ་བཟུམ་སྦེ་ར་ སླབ་ཡོད་རུང་ ཁོ་གིས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ ལྟ་སྐོར་འབད་བའི་ཤུལ་ལས་རྐྱངམ་གཅིག་ ཐག་བཅད་ནི་ཟེར་ཨིན་པས།
སྐྱེས་ལོ་༥༨ ལང་མི་ ཏིན་ཏ་དབང་འདུས་ཀྱིས་ གདམ་ངོ་ཚུ་གིས་ སྤྱིར་བཏང་གྲོས་གནས་ འགོ་འདྲེན་འཐབ་པའི་ཤུལ་ལས་རྐྱངམ་གཅིག་ ཁོང་གི་ ལྕོགས་གྲུབ་ཀྱི་སྐོར་ལས་ ཤེས་ཚུགསཔ་ལས་ དེ་བསྒང་ ལེགས་ཤོམ་སྦེ་ བལྟ་ནི་ཟེར་ སླབ་ཨིན་པས།
ཁོ་གིས་ འཐུས་མི་བགྲེསཔ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ཟེར་ཨིན་རུང་ གདམ་ངོ་གསརཔ་ཚུ་ལུ་ཡང་ གོ་སྐབས་བྱིན་ནི་དེ་ ཁག་ཆེ་ཟེར་ཨིན་པས།
ད་རེས་ ཤུ་མར་རྒེད་འོག་གི་ དན་ཕྱི་ཁྲོམ་ནང་ འཛོམས་འདུ་འགོ་འདྲེན་འཐབ་སྟེ་ མཇུག་བསྡུ་ནི་ཨིན་རུང་ ཁྲོམ་སྡེ་ལས་ འཐུས་མི་མེདཔ་ཨིན་པས།
དན་ཕྱི་ཁྲོམ་ནང་ ཁྱིམ་གུང་༢༡ ཡོདཔ་ད་ དེ་ནང་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༢༡༥ དེ་ཅིག་ཡོདཔ་ད་ རྫོང་ཁག་ བཙག་འཐུའི་འགོ་དཔོན་འོགམ་ ཀུན་དགའ་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཛོམས་འདུ་ཚུ་གི་སྐབས་ལུ་ མི་སེར་ལ་ལུ་ཅིག་གིས་ ཚོགས་རྒྱན་བཙུགས་ནི་གི་ ངོས་འཛིན་འདྲ་པར་འབག་མ་འོང་པའི་ དཀའ་ངལ་དུམ་གྲ་རེ་ བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དཀའ་ངལ་གཅིག་ སྤྱི་ལོ་༡༩༩༥ ལུ་ སྐྱེས་མི་ཚུ་གིས་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་རུང་ ངོས་འཛིན་འདྲ་པར་ཚུ་ རྫོང་ཁག་ནང་མ་ལྷོདཔ་ལས་ ལོག་འགྱོ་དགོཔ་ཐོན་ཡི་ཟེར་ཨིན་རུང་ འདྲ་པར་ཚུ་ ད་རེས་ཀྱི་བདུན་ཕྲག་ནང་ ལྷོད་འོང་ཟེར་ཨིན་པས།
ཤུ་མར་རྒེད་འོག་ནང་ སྤྱི་འོག་༥་ཡོདཔ་ད་ དེ་ནང་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ལྡན་མི་༦,༣༧༣ དེ་ཅིག་ཡོདཔ་ད་ རྫོང་ཁག་གི་ རྒེད་འོག་༡༡ ནང་༢༤,༢༨༧ ཡོདཔ་ཨིན་པས།
ད་ཚུན་ གདམ་ངོ་གྲུབ་མི་ཚུ་ལས་ ན་ནོང་རྒེད་འོག་གི་གདམ་ངོ་ པདྨ་དབང་ཕྱུག་གིས་ རྫོང་ཁག་ནང་ བཙག་འཐུའི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment