![]() |
སྤག་ཤིང་གིས་ བཟོ་བཀོད་འབད་མི་ཁྱིམ། |
དེ་ཡང་ ཁང་ཚན་༣ འབད་མི་ སྤག་ཤིང་གི་ཁྱིམ་དེ་ རྒེད་འོག་དེ་གི་ རྟ་དགའ་གླིང་དང་ རང་ཀ་གླིང་ གཡུས་ཚན་གཉིས་ཀྱི་ མི་སེར་ཚུ་གིས་ བཟོ་སྐྲུན་འབད་དེ་ ཟླ་ངོ་ཅིག་གི་ཧེ་མར་ ལཱ་མཇུག་བསྡུ་ཡོདཔ་ལས་ རྒེད་འོག་ནང་ འགྲོ་འགྲུལ་འབད་མི་ཚུ་གིས་ ས་གནས་དེ་ཁར་ལྷོདཔ་ད་ ལེགས་ཤོམ་སྦེ་ ལྟ་དོ་ཡོདཔ་ཨིན་པས།
ཁྱིམ་དེ་ནང་ གྱང་ཚུ་རྩི་ས་གིས་རྐྱབ་པའི་ཁར་ སྒོ་དང་སྒོ་སྒྲིག་ཚུ་ཡང་ ཤིང་གིས་བཟོ་ཡོདཔ་ད་ གཏན་འབྲུ་རྒེད་འོག་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༦༩ གི་ ས་གནས་ཁར་ ཨིནམ་མ་ཚད་ གཡུས་ཚན་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༥༨ ཀྱི་ ས་གནས་ནང་ ཡོདཔ་ཨིན་པས།
པག་པའི་མི་སྡེ་ནགས་ཚལ་ལྟེ་བ་དེ་ སྤྱི་ལོ་༢༠༠༩ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ནང་ ཁྱིམ་གུང་པ་༤༥ གིས་ འཐུས་མི་སྦེ་ འཛུལ་ཡོདཔ་ཨིན་པས།
ཁྱིམ་ སྤག་ཤིང་གིས་སྦེ་རྐྱབ་མི་དེ་ པག་པའི་མི་སྡེ་ནགས་ཚལ་ལྟེ་བའི་ འཐུས་མི་གིས་ འགོ་འདྲེན་ཐོག་ལུ་ ནགས་ཚལ་དང་སོ་ནམ་ལྷན་ཁག་འོག་གི་ ནགས་ཚལ་རྒྱ་བསྐྱེད་ལས་ཁུངས་ཀྱི་ གྲོགས་རམ་ཐོག་ལས་ རྐྱབ་ཅི་ཟེར་ རྫོང་ཁག་ནགས་ཚལ་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་བཤད་ཅི།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་གྱི་ ཁྱིམ་རྐྱབ་མི་དེ་ མི་སྡེ་ལུ་ ཁེ་ཕན་བཟོ་ཚུགས་པའི་ཁར་ ཤིང་ལག་ལེན་འཐབ་མ་དགོ་པའི་ དཔེ་སྟོན་ཅིག་ཡང་ ཨིན་ཟེར་ཨིན་པས།
འབྲེལ་ཡོད་འགོ་དཔོན་ཚུ་གིས་འབད་བ་ཅིན་ གཡུས་ཚན་དེ་ནང་ སྤག་ཤིང་གི་ ཐོན་སྐྱེད་ལེགས་ཤོམ་ཡོད་མི་དང་འབྲེལ་ ཐབས་ལམ་གྱི་མིག་དཔེ་ གསར་སྟོན་འབད་ཡོདཔ་ལས་ འབྲེལ་ཡོད་ལས་ཁུངས་ཀྱིས་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
བསོད་ནམས་དབང་ཕྱུག་གིས་ སྤག་ཤིང་ཚུ་ ཆརཔ་དང་འབུབ་ཀྱིས་ མེདཔ་མི་གཏང་ནིའི་དོན་ལུ་ རྫས་སྦྱོར་ལག་ལེན་འཐབ་ཡོདཔ་ད་ ཁྱིམ་དེ་གི་དོན་ལུ་ ཚར་༢༥,༠༠༠ དེ་ཅིག་ ལྟེ་བ་གིས་ འཛུགས་སྐྱོང་འབད་མིའི་ནང་ལས་ ལག་ལེན་འཐབ་ཡོདཔ་ཨིན་པས།
པག་པའི་མི་སྡེ་ནགས་ཚལ་ལྷེ་བ་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ གྲོང་སྡེ་ནགས་ཚལ་ལྟེ་བའི་གྲས་ལས་ དྲག་ཤོས་༡༠ གྱི་གྲངས་སུ་ ཚུད་དེ་ཡོདཔ་ལས་ ཐབས་ལམ་དེ་གི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཆ་རོགས་འབད་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཁྱིམ་ནང་སྡོད་མི་ཚུ་ལས་ ཁང་གླ་ ག་དེམ་ཅིག་ལེན་ནི་ཨིན་ན་ ད་ལྟོ་ རག་རྩིས་བཏོན་པའི་བསྒང་ཡོདཔ་ཨིན་པས།
ལྟེ་བའི་ཁྲི་འཛིན་ ཌི་བི་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱིམ་དེ་ འཛོམས་འདུ་རྐྱབ་ས་དང་མགྱོན་ཁྱིམ་སྦེ་ ལག་ལེན་འཐབ་ནི་ཨིན་པའི་ཁར་ གཡུས་ཚན་ནང་ མགྱོནམ་ཚུ་ལུ་ བྱིན་ནི་ཨིན་ཟེར་ཨིན་པས།
ཁྱིམ་དེ་ནང་ ཉལ་ཁྲི་དང་གཞན་ མཁོ་གལ་ཅན་གྱི་མཐུན་རྐྱེན་ཚུ་ བཙུགས་དགོཔ་ཡོདཔ་ལས་ གྲོང་སྡེ་ནགས་ཚལ་ལྟེ་བ་ལས་ ཐོབ་མི་མ་དངུལ་གྱིས་ མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁྱིམ་ནང་གི་ མཐུན་རྐྱེན་ཉོ་ནིའི་དོན་ལུ་ གྲོང་གསེབ་ནགས་ཚལ་ལྟེ་བའི་ གསོག་འཇོག་མ་དངུལ་ནང་ལས་ དངུལ་ཀྲམ་༦༠,༠༠༠ དེ་ཅིག་ ལག་ལེན་འཐབ་འོང་ཟེར་ཨིནམ་ད་ འཐུས་མི་ཚུ་གིས་ ད་ལས་ཕར་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༢༠༠ རེ་ བཙུགས་དགོ་ནི་ཨིན་པས།
གསོག་འཇོག་མ་དངུལ་དེ་ཡང་ ལྟེ་བ་དེ་ནང་ལས་ སྤག་ཤིང་དང་ ཤིང་གི་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་མི་ལས་ ཐོབ་ཡོདཔ་ད་ ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༨,༢༠༠༠༠ དེ་ཅིག་ གནས་མི་དེ་ གཞུང་གིས་ རྒྱབ་སྐྱོར་གནང་ཡོདཔ་ཨིན་པས།
ལས་འགུལ་དེ་ མཐར་འཁྱོལ་ཅན་གྱི་གྲངས་སུ་ བརྩི་འཇོག་འབདཝ་བཞིན་དུ་ དེ་བཟུམ་མའི་ཁྱིམ་ཚུ་ ད་རུང་ ཐེབས་རྐྱབ་ནིའི་ འཆར་གཞི་ཡོད་པའི་ཁར་ ལྟེ་བ་དེ་ལུ་ ས་ཆ་ཨེ་ཀར་༦༢.༧༢ ཡོདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment