གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྟ་ལོག་དགོན་པ་ལུ་ དགྲ་མེད་རྩེ་རྔ་འཆམ་གྱི་བྱུང་ཚུལ།

༢༢/༣/༢༠༡༣   ༉ ལོ་བསྟར་རྟ་ལོག་དགོན་པའི་ ཚེས་བཅུའི་སྐབས་ ཁྱད་ཆོས་བཟང་པོ་ཅིག་ ཤར་ཕྱོགས་མོང་སྒར་ དགྲ་མེད་རྩེའི་ རྔ་འཆམ་དེ་ འཆམ་ཁང་ནང་ལས་ ཐོན་པའི་སྐབས་ གསེར་སྦྲེང་དང་ བྱིས་པའི་དཔའ་བོ་རྐྱབ་ཐོག་ལས་ ཞུ་སྲོལ་ཡོད་མི་དེ་ཡང་ འཆམ་ཚུ་གི་གྲས་ལས་ བྱིན་ཅན་ཅིག་སྦེ་ བརྩི་ནི་དེ་གིས་ཨིན་པས།
མི་མང་ལུ་ དགྲ་མེད་རྩེའི་རྔ་འཆམ་སྟོན་པའི་བསྒང་།


དགྲ་མེད་རྩེ་རྔ་འཆམ་དེ་ ཞབས་དྲུང་གི་ཐུགས་སྤྲུལ་༤ པ་ འཇིགས་མེད་ཆོས་རྒྱལ་མཆོག་ དགུང་ལོ་༩ ལས་ དགྲ་མེད་རྩེ་ལས་ རྟ་ལོག་དགོན་པ་ལུ་ བྱོན་པའི་ཤུལ་ལུ་ རྟ་ལོག་གི་ མི་ཚུ་ལུ་ སྟོན་གནང་ཡོདཔ་ལས་ གཏེར་འཆམ་བཟུམ་ཅིག་ཨིན་ཟེར་ རྟ་ལོག་བཤད་གྲྭའི་དབུ་འཛིན་ སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།
ཞབས་དྲུང་འཇིགས་མེད་ཆོས་རྒྱལ་དེ་ ཡབ་དཀོན་མཆོག་དབང་འདུས་དང་ ཡུམ་སེང་གེ་སྒྲོལ་མ་༢ ཀྱི་སྲས་ལུ་ དགྲ་མེད་རྩེ་ལུ་ འཁྲུངས་ཡོདཔ་མ་ཚད་ བརྒྱུད་པ་ཡང་ རིག་འཛིན་པདྨ་གླིང་པའི་ གདུང་འཛིན་ལས་ འཁྲུངས་ནི་དེ་གིས་ རྟ་ལོག་དགོན་པ་ལུ་ འགོ་ཐོག་བྱོན་པའི་སྐབས་ པད་གླིང་གཏེར་འཆམ་དེ་ བསྣམས་བྱོན་ནུག་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
ཡོངས་གྲགས་ལུ་ དགྲ་མེད་རྩེ་རྔ་འཆམ་ཟེར་ སླབ་མི་དེ་ རིག་འཛིན་པདྨ་གླིང་པའི་སྲས་ མཁས་གྲུབ་ཀུན་དགའ་དབང་པོ་གིས་ དགྲ་མེད་རྩེ་ལྷ་ཁང་གསར་བསྒྲུབས་ཀྱི་ བཀྲིས་རབ་གནས་གནང་པའི་སྐབས་ ཉམས་སྣང་ལུ་ ཟངས་མདོག་དཔལ་རི་ལས་ཞུ་སྟེ་ སྒར་འཆམ་གནང་མི་ལུ་བརྟེན་ བྱིན་རླབས་ཅན་ཅིག་སྦེ་ བརྩི་དོ་ཡོདཔ་ད་ དགྲ་མེད་རྩེ་དེ་ མཁས་གྲུབ་ཀུན་དགའ་དབང་པོའི་སྐུ་མཆེད་ ཨ་ནེ་མཆོད་རྟེན་བཟང་མོ་གིས་ གདན་ས་ཕྱག་བཏབ་ གནང་ཡོདཔ་ཨིན་པས།
འཆམ་རྐྱབ་མི་ དབང་ཕྱུག་གིས་ སླབ་མིའི་ནང་ ཕམ་ཚུ་གི་ ངག་རྒྱུན་དང་འཁྲིལ་བ་ཅིན་ ཞབས་དྲུང་གིས་ རྔ་འཆམ་དེ་ དགྲ་མེད་རྩེ་ལས་ བསྣམས་བྱོན་པའི་སྐབས་ འཆམ་སྟོན་མི་སྦེ་ འཆམ་དཔོན་སྦེ་ སློབ་དཔོན་ཀོ་ཏ་ཆོག་ཆོ་ཟེར་མི་དེ་ཡང་ ཁྱིད་བྱོན་ནུག་ཟེར་ཨིན་པས།
དེ་ལས་ རྔ་འཆམ་དེ་ འགོ་དང་པ་ མི་མང་ལུ་ མཇལ་ཁ་གནངམ་ད་ ཞབས་དྲུང་གིས་ ཕྱག་ཞུ་མི་ཚུ་ལུ་ འཆམ་ག་གིས་ ལེགས་ཤོམ་སྦེ་ རྐྱབ་ཚུགས་དོ་ཡོདཔ་ཨིན་ན་ ལྟདམོ་ལྟ་མི་ཚུ་ལུ་དྲི་ཟེར་ གསུངས་མི་དང་བསྟུན་ དྲིས་བའི་ལན་ལུ་ མ་གཞི་ ག་ར་གིས་ འཆམ་ལེགས་ཤོམ་རྐྱབ་ཨིན་རུང་ ཨོ་ལའི་འབགཔ་བཙུགས་མི་དེ་གིས་ གཞན་དང་མ་འདྲཝ་སྦེ་ རྐྱབ་མས་ཟེར་སླབ་ལས་ དེ་གི་སྐོར་ ཕྱག་ཞུ་མི་ཚུ་གིས་ ཞབས་དྲུང་ལུ་ ཞུ་བའི་སྐབས་ དེ་ཚེ་ཕྱི་རུ་ར་ འབགཔ་བཙུགས་མི་ ཨ་དྭངས་རྒཔོ་དེ་ འཆམ་དཔོན་དང་པ་སྦེ་ བསྐོ་བཞག་གནང་ནུག་ཟེར་ཨིན་པས།
རྟ་ལོག་དགོན་པ་དེ་ སྤྱི་ལོ་༡༧༠༨ ལུ་ ཞབས་དྲུང་ཐུགས་སྤྲུལ་༣ པ་ འཇིགས་མེད་གྲགས་པ་མཆོག་གིས་ གདན་ས་བཏབ་གནང་པའི་སྐབས་ སྒར་འཆམ་ཤཝ་ཤ་ཁྱི་རྐྱངམ་གཅིག་ འགོ་བཙུགས་གནང་ནུག་ཟེར་ཨིནམ་ད་ ཤུལ་ལས་ ཐུགས་སྤྲུལ་༤ པ་འཇིགས་མེད་ཆོས་རྒྱལ་གྱིས་ པད་གླིང་གྱིང་༣ དང་ རཀྵ་དམངས་འཆམ་ དེ་ལས་ དགྲ་མེད་རྔ་འཆམ་ཚུ་ འགོ་བཙུགས་གནང་ཡོདཔ་ཨིན་པས།
སྤྱི་ལོ་༡༧༠༧ ལུ་ རྒྱལ་སྲས་སྤྲུལ་སྐུ་ འཇིགས་མེད་སེངྒེ་གིས་ རྟ་ལོག་ལྷ་ཁང་བཞེངས་གནང་པའི་ཤུལ་ལས་ སྤྱི་ལོ་༡༧༠༨ ལུ་ ཞབས་དྲུང་འཇིགས་མེད་གྲགས་པ་གིས་ གདན་ས་བཏབ་སྟེ་ ལོ་བསྟར་ཚེས་བཅུ་དེ་ཡང་ དེ་ལས་ཚུར་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཉིན་གྲངས་༤ འབད་མི་ ལོ་བསྟར་རྟ་ལོག་ཚེས་བཅུ་དེ་ ད་རིས་ མི་མང་ལུ་ ཞབས་དྲུང་གི་ མཐོང་གྲོལ་དང་ བར་དོའི་འཆམ་ མཇལ་ཁ་གནང་ཐོག་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment