གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་སྡེ་གདམ་ངོའི་འཛོམས་འདུ་ རྒེད་འོག་༡༧ ལས་༣ ལྷག་ལུས་ཡོདཔ།

༢༦/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་བཏོན་ནིའི་དོན་ལུ་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྒེད་འོག་༡༧ ཆ་མཉམ་ནང་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་ཚར་ཡོདཔ་ད་ དེ་ཡང་ རྒེད་འོག་༡༧ གྱི་གྲས་ལས་ འཛོམས་འདུ་མཇུག་ར་ ཁ་ཙ་ ས་གླིང་རྒེད་འོག་ནང་ འགོ་འདྲེན་འཐབ་ཐོག་ལས་མཇུག་བསྡུ་ཡི།
གདམ་འཐུ་གྲུབ་མི་ གནས་ཆུ་གིས་ ས་གླིང་གི་མི་སེར་ཚུ་ལུ་ ཁོ་རའི་ ངོ་སྤྲོད་ཤོག་བྱང་ཚུ་ བཀྲམ་པའི་བསྒང་།


རྒེད་འོག་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་སྦེ་ གནས་ཆུ་བཏོན་ཡོདཔ་ད་ འཛོམས་འདུ་ནང་འབྲེལ་གཏོགས་ཅན་གྱི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༣༡ འོང་མི་ལས་ མི་དགོ་ཟེར་བའི་ཚོགས་རྒྱན་༡༨ དང་ དགོ་ཟེར་བའི་ཚོགས་རྒྱན་༢༡༣ ཐོབ་སྟེ་ རྫོང་ཁག་ནང་ བཅའ་མར་གཏོགས་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་གི་རྒེད་འོག་ཚུ་ནང་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་བཏོན་ནིའི་དོན་ལུ་ རྒེད་འོག་གི་འཛོམས་འདུ་དེ་ སྤྱི་ཟླ་འདི་གི་ཚེས་༡༣ ལས་འགོ་བཙུགས་ཡོདཔ་ད་ འགོ་བཙུགས་ཀྱི་ཉིནམ་ལུ་ བ་ལམ་དང་ ན་རང་ དེ་ལས་ དགྲ་མེད་རྩེ་དང་ སྔ་ཚང་རྒེད་འོག་ཚུ་ནང་ འཛོམས་འདུ་འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ན་རང་རྒེད་འོག་ལས་ འཆི་མེད་བསྟན་འཛིན་དང་ ཚེ་རིང་དབང་ཆེན་༢ ཐོན་ཡོདཔ་ལས་ ཚེ་རིང་དབང་ཆེན་གྱིས་ ཚོགས་རྒྱན་༢༧༥ ཐོབ་སྟེ་ གདམ་འཐུ་གྲུབ་ཡོདཔ་ལས་ འཆི་མེད་བསྟན་འཛིན་གྱིས་ ཚོགས་རྒྱན་༡༤༡ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།
དེ་དང་འདྲཝ་སྦེ་ སྔ་ཚང་རྒེད་འོག་ལས་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ བསོད་ནམས་དབང་ཕྱུག་གིས་ འཛོམས་འདུའི་སྐབས་ལུ་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༢༧༦ འོང་མི་ལས་ དགོ་ཟེར་བའི་ཚོགས་རྒྱན་༢༥༨ ཐོབ་སྟེ་ གདམ་ངོ་སྦེ་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
ལྕགས་སི་མཁར་རྒེད་འོག་ནང་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་འཐོན་ནི་སྦེ་ བློ་འདོད་བསྐྱེད་མི་ཅིག་ཡོད་རུང་ སྤྱི་ ཚེས་༡༤ གི་ཉིན་མར་ འཛོམས་འདུ་འཚོགས་པའི་སྐབས་ རྒེད་འོག་ནང་ལས་ འདེམས་ངོ་ག་ཡང་བཏོན་ནི་མེད་ཟེར་སླབ་ལས་ བཙག་འཐུ་འགོ་དཔོན་གྱིས་ ཁོང་གི་རྒེད་འོག་ནང་ལས་ འདེམས་ངོ་མེད་པའི་ ངག་བརྗོད་ལེན་པའི་སྐབས་ལུ་ རྒེད་འོག་དམངས་མི་གིས་ རྒཔོ་ལུ་ འགྲུལ་འཕྲིན་ཐོག་ལུ་ དྲི་བའི་སྐབས་ འདེམས་ངོ་ཅིག་འཐོན་མི་འདུག་ཟེར་སླབ་ལས་ མི་སེར་ཚུ་གིས་ ངག་བརྗོད་བྱིན་མ་བཏུབ་ཨིན་པས།
རྒེད་འོག་གི་ མི་སེར་ཚུ་གིས་ རྫོང་ཁག་བཙག་འཐུ་ཡིག་ཚང་ནང་ ཁོང་གི་ཧོངས་ལས་ འདེམས་ངོ་བཏོན་ནི་ཡོད་མེད་ཀྱི་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ འཚོག་གནང་ཐབས་ཀྱི་ ཞུ་བ་ཕུལ་ཡོད་རུང་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ སྤྱི་ཚེས་༡༦ ལུ་ རྒེད་འོག་ནང་སོང་ཞིནམ་ལས་ འདེམས་ངོ་བཏོན་དགོ་པ་ཅིན་ འཛོམས་འདུའི་སྐབས་ལུ་ གསལ་སྟོན་འབད་དགོཔ་མ་ཚད་ ཡིག་ཆ་ཚུ་ཡང་ ཚང་འགྲིགས་དགོ་ཟེར་ སླབ་མི་ལུ་བརྟེན་ མི་སེར་ཚུ་གི་ཁ་ཐུག་ལས་ འདེམས་ངོ་བཏོན་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདེམས་ངོ་༣ ལས་བརྒལ་མེདཔ་ད་ དེ་ཡང་ ན་རང་རྒེད་འོག་ལས་ ཚེ་རིང་དབང་ཆེན་དང་ སྔ་ཚང་རྒེད་འོག་ལས་ བསོད་ནམས་དབང་ཕྱུག་ དེ་ལས་ ས་གླིང་རྒེད་འོག་ལས་ གནས་ཆུ་ཨིནམ་བཞིན་དུ་ ཁོང་༣ གྱིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ མོང་སྒར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་གདམ་ངོ་ བཙག་འཐུ་ནང་  བཅའ་མར་གཏོགས་ནི་ཨིན་པས།
རྒེད་འོག་༡༧ གྱི་གྲས་ལས་ བ་ལམ་དང་ དགྲ་མེད་རྩེ་ ཆ་གླིང་ ལྕགས་སི་མཁར་ ཙཀླིང་ རྩ་མང་ ཐང་རོང་ འབྲས་སྤུངས་ མོང་སྒར་ སྐྱེངས་མཁར་ འགྱུར་མེད་ ས་ལམ་སྦི་དང་ དགོངས་འདུ་རྒེད་འོག་གི་ མི་སེར་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ དོ་འགྲན་འབད་མི་ གདམ་ངོ་བཏོན་མ་ཚུགསཔ་ཨིན་པས།
ལྷུན་རྩེ་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ རྫོང་ཁག་གི་རྒེད་འོག་༨ ཡོད་མིའི་གྲས་ལས་ ཁ་ཙ་ཚུན་ སྨིན་རྒྱས་དང་ ཀུར་སྟོད་ སྨད་ཚོ་ བཙན་མཁར་ སྒང་ཟུར་རྒེད་འོག་༤ ནང་ འཛོམས་འདུ་མཇུག་བསྡུ་ཡོདཔ་ད་ རྒེད་འོག་ནང་ལས་ གདམ་ངོ་ཅིག་ཡང་མེདཔ་ཨིན་པས།
ད་རུང་ འཛོམས་འདུ་འགོ་འདྲེན་འཐབ་དགོ་པའི་རྒེད་འོག་༣ ཡོད་མི་ཚུ་ རྒྱ་རེད་ སྨན་སྦི་ མཁོ་མ་ཚུ་ཨིནམ་ལས་ སྤྱི་ཚེས་ཟླ་༣ པའི་ཚེས་༢༨ ལུ་ རྒེད་འོག་༣ ཆ་ར་ནང་འཛོམས་འདུ་མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment