གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་བགྲེསཔ་གིས་ བྱག་ཕྱོགས་རྒེད་འོག་ལས་ དོ་འགྲན་འབད་ནི།

༢༢/༣/༢༠༡༣   ཆུ་ཁ་རྫོང་ཁག་གི་ རྒེད་འོག་༢ ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༤ ཐོན་ཡོདཔ།
༉ ཆུ་ཁ་རྫོང་ཁག་ལས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཚེ་དབང་ལྷ་མོ་གིས་བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ ཁ་ཙ་ ཚོགས་སྡེའི་ཁྲི་འཛིན་ལུ་ དགོངས་ཞུའི་ཡི་གུ་བཙུགས་ཡོད་མི་དང་བསྟུན་ རྫོང་ཁག་དེ་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༤ འོང་ནི་ཨིན་པས།
ཚེ་དབང་ལྷ་མོ།


ད་ཚུན་གྱིབར་ན་ སྐྱབས་ཆ་རྒེད་འོག་ལས་ འདེམས་ངོ་༢ དང་ བྱག་ཕྱོགས་རྒེད་འོག་ལས་ འདེམས་ངོ་༡ ཐོན་ཏེ་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་བགྲེསཔ་གིས་ མོ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནི་གི་ སེམས་ཐག་བཅད་མི་དེ་ཡང་ ཚོགས་སྡེ་ལུ་ སྤྲོ་བ་སྦོམ་ཡོདཔ་མ་ཚད་ མོ་ལུ་ ལོ་ལྔ་གི་རིང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
ང་གིས་ མི་སེར་ལུ་ ཕྱག་ཞུ་ནི་གི་ ཉམས་མྱོང་ཐོབ་མི་དེ་ དེ་སྦེ་ར་ བཤོལ་བཞག་ཐབས་མེད་ཟེར་ དང་འདོད་ཅན་གྱི་འདེམས་ངོ་ ཚེ་དབང་ལྷ་མོ་གིས་ ཀུན་གསལ་ལུ་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ མོ་ལུ་ ཉམས་མྱོང་ཐོབ་མི་དང་བསྟུན་ རྫོང་ཁག་དང་ རྒྱལ་ཁབ་ཀྱི་ མཐའ་དོན་ལུ་ ཧེ་མ་བ་དྲགཔ་སྦེ་ ཕྱག་ཞུ་ཚུགས་འོང་ཟེར་ཨིནམ་ད་ ངེ་གི་གྲོས་ཆོད་ལུ་ བཟའ་ཚང་དང་ མི་སེར་ ཚུ་ལས་ རྒྱབ་སྐྱོར་སྦོམ་ཡོད་ཟེར་ མོ་གིས་ སླབ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཚེ་དབང་ལྷ་མོ་གིས་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ རྒེད་འོག་འཛོམས་འདུའི་ བཙག་འཐུའི་སྐབས་ སྤྱི་ལོ་༢༠༠༨ ལུ་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་དང་འདོད་ཅན་གྱི་འདེམས་ངོ་ བསྟན་འཛིན་རྒྱལ་མཚན་དང་ དོ་འགྲན་འབད་ནི་ཨིན་པས།
འཛོམས་འདུའི་བཙག་འཐུ་ནང་ རྒེད་འོག་གིས་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ རྒྱལ་ཡོངས་གནས་རིམ་གྱི་ བཙག་འཐུའི་ནང་ རྒེད་འོག་གི་ གདམ་ངོ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ འདེམས་ངོ་༡ གདམ་འཐུ་འབད་ནི་ཨིན་པས།
བྱག་ཕྱོགས་རྒེད་འོག་ནང་ དོ་འགྲན་འབད་མི་ འདེམས་ངོ་ཐོན་ཡོད་མི་དེ་ ཚེ་དབང་ལྷ་མོའི་དོན་ལུ་ དོ་འགྲན་པ་སྦེ་མིན་པར་ མི་སེར་ཚུ་ལུ་ འོས་འབབ་ཅན་གྱི་ འདེམས་ངོ་གདམ་འཐུ་འབད་ནིའི་ གོ་སྐབས་ཅིག་སྦེ་ མཐོང་སྣང་བྱུང་དོ་ཡོདཔ་ད་ རྒེད་འོག་༡ ནང་ འདེམས་ངོ་༢ ཐོན་མི་དེ་ དོ་འགྲན་ལེགས་ཤོམ་འབྱུང་ནི་གི་ བརྡ་མཚོན་ཨིན་ཟེར་ མོ་གིས་ བཤདཔ་ཨིན་པས།
མོ་ར་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་སྦེ་ ཕྱག་ཞུ་མི་ལུ་བརྟེན་ མི་སེར་ཚུ་དང་ འབྲེལ་བ་འཐབ་སྟེ་ གྲོང་གཡུས་གནས་རིམ་གྱི་ དཀའ་ངལ་ཚུ་ ཧ་གོ་ནི་གི་ གོ་སྐབས་བཟང་པོ་ཡོད་མི་དེ་ འགོ་འདྲེན་འཐབ་རན་མི་ བཙག་འཐུའི་ནང་ ལྷན་ཐབས་འབྱུང་ནི་གི་ རེ་བ་བསྐྱེད་དོ་ཟེར་ སླབ་ཨིན་པས།
གལ་སྲིད་ མོ་ ལོག་སྟེ་ར་ བཙག་འཐུ་འགྲུབ་པ་ཅིན་ རྒྱལ་ཁབ་ནང་ ལཱ་གཡོག་མ་ཐོབ་མི་དང་ ན་གཞོན་དང་འབྲེལ་བའི་ སྨྱོ་རྫས་ཀྱི་ དཀའ་ངལ་ལ་སོགས་པའི་ གནད་དོན་དག་པ་ཅིག་ སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་དགོཔ་ཡོད་ཟེར་ བཤདཔ་ཨིན་པས།
དེ་འབདཝ་ད་ ཚེ་དབང་ལྷ་མོ་དེ་ སྲིད་དོན་ཚོགས་པའི་ནང་ འཛུལ་ཞུགས་འབད་ནི་གི་ མནོ་བསམ་མེདཔ་ལས་ མོ་གི་ཚེ་གཡོག་དེ་ སྲིད་དོན་དང་ འབྲེལ་བ་མེད་མི་ ཚོགས་སྡེ་ལས་ འགོ་བཙུགས་ནི་དེ་གིས་ སྲིད་དང་འབྲེལ་བ་མེདཔ་སྦེ་ར་ སྡོད་འོང་ཟེར་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ ཆུ་ཁ་རྫོང་ཁག་ནང་ སོ་ནམ་སྡེ་ཚན་གོང་འཕེལ་གཏང་དགོཔ་ཡོད་མི་དེ་ཡང་ མི་སེར་ཚུ་གིས་ ཀེ་བ་རྐྱངམ་གཅིག་མིན་པར་ དངུལ་ཐོག་གཞན་ཚུ་ཡང་ འཛུགས་སྐྱོང་འབད་ཐོག་ལས་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་འབྲེལ་འཐབ་ནིའི་ གོ་སྐབས་མངམ་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
ཤུལ་མའི་གཞུང་སྐྱོང་ ག་བཙག་འཐུ་འགྲུབ་རུང་ དབུལ་ཕོངས་ཀྱི་ དཀའ་ངལ་མར་ཕབ་རྐྱབ་ནི་ལུ་ གཙོ་རིམ་བཟུང་དགོཔ་ཡོད་ཟེར་ རྒྱ་གར་ཤི་ལོང་ ནོརཐ་ཨིསི་ཏཱན་ཧིལ་ལས་ ཚོང་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་བའི་ཁར་ ཀ་ལིམ་པོང་ལས་ བཟའ་ཁང་འཛིན་སྐྱོང་གི་ ཌིབ་ལོ་མའི་ སློབ་སྦྱོང་མཇུག་བསྡུ་མི་ ཚེ་དབང་ལྷ་མོ་གིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment