![]() |
མི་སེར་ཚུ་གིས་ གདམ་ངོའི་ཚོགས་རྒྱན་བཙུགས་པའི་བསྒང་། |
སྐྱེས་ལོ་༢༦ ལང་མི་ ཨོ་རྒྱན་སྒྲོལ་མ་གིས་ ཚོགས་རྒྱན་བསྡོམས་ཀྱིས་༨༡ ཐོབ་ཡོདཔ་ད་ འཛོམས་འདུའི་ནང་ སྤྱི་འོག་༥ ལས་ ཚོགས་རྒྱན་བཙུགས་པར་ མི་གྲངས་༢༣༣ འོང་ཡོདཔ་ཨིན་པས།
འཛོམས་འདུའི་སྐབས་ལུ་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་སྡེའི་འགན་ཁུར་དང་ དམངས་གཙོའི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ཡོད་རུང་ འདེམས་ངོ་ཚུ་ལུ་ དུས་ཡུན་སྐར་མ་ཅིག་གི་རིང་ ངོ་སྤྲོད་འབད་ནིའི་གོ་སྐབས་ བྱིན་ཡོདཔ་མ་གཏོགས་ གསལ་བཤད་འབད་ནིའི་ གོ་སྐབས་མ་བྱིན།
འཛོམས་འདུ་ནང་འོང་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་༢ ཀྱིས་ ཁོང་གི་སྐོར་ལས་ གོ་བརྡའི་གསལ་བཤད་མ་འབདཝ་ལས་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
སྡེབ་སི་ལས་ ཨམ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ མོ་གིས་ འདེམས་ངོ་༢ ཀྱི་སྐོར་ལས་ ཤེས་རྟོགས་མེད་རུང་ ཨམ་སྲུ་བཅའ་མར་གཏོགས་མི་ ཉུང་སུ་ལས་མེད་ནི་དེ་གིས་ ཨམ་སྲུ་ལུ་ རྒྱབ་སྐྱོར་འབད་ནི་ཟེར་བཤད་ཅི།
མོ་གི་ཁྱིམ་ཚང་ ཨཔ་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ འདེམས་ངོ་༢ ལུ་ ལྕོགས་གྲུབ་ཚུ་ ག་དེ་སྦེ་ཡོད་ག་ ཤེས་རྟོགས་མེད་ཟེར་ཨིན་པས།
ཉི་མ་རྒྱལ་མཚན་གྱིས་ རྒེད་འོག་ནང་ལས་ འགོ་དང་པ་ ཚོགས་སྡེ་ནང་ བཅའ་མར་གཏོགས་ནི་གི་ གསལ་བསྒྲགས་འབད་མི་ལུ་བརྟེན་ མི་ཚུ་གིས་ ཁོ་གི་སྐོར་ལས་ མང་སུ་ཤེས་ཡོདཔ་ད་ ལྕང་རྒེད་འོག་ནང་ ཚོགས་རྒྱན་བཙུགས་མི་ ཁྱད་ཚད་ལྡན་མི་༦༦༡ ཡོདཔ་བཞིན་དུ་ ཧོང་ཚོ་ལས་ ཚོགས་རྒྱན་བཙུགས་མི་༧༩ གིས་ འོང་ཡོདཔ་ཨིན་པས།
ལྕང་རྒེད་འོག་གི་འདེམས་ངོ་བརྩིཝ་ད་ ཐིམ་ཕུ་རྫོང་ཁག་ནང་ ད་ཚུན་ མི་ངོ་༢ གདམ་འཐུ་འབད་ཡོདཔ་ད་ འདས་པའི་འཛོམས་འདུ་སྐབས་ སྐྱེས་ལོ་༢༧ ལང་མི་ ཚེ་རིང་བཀྲ་ཤིས་དེ་ སྨད་ཝང་རྒེད་འོག་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ནཱ་རོ་དང་ དགེ་བསྙེན་ཁ་ དེ་ལས་ ཀ་ཝང་རྒེད་འོག་ཚུ་ལས་ འདེམས་ངོ་མེདཔ་མ་ཚད་ སྲོས་དང་ གླིང་བཞི་ ད་དཀར་ལ་ཚུ་ནང་ལས་ཡང་ གནས་སྟངས་དེ་ གཅིག་མཚུངས་འོང་ནི་མས་ཟེར་ ཨིན་པའི་གནས་ཚུལ།
བཀྲ་ཤིས་བསྟན་འཛིན།
No comments:
Post a Comment