གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུཚ་ཅིག་ ལོ་༦ ལྷག་སོ་རུང་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ།

༢༩/༣/༢༠༡༣   ༉ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ བུཚ་ཅིག་ སློབ་གྲྭ་ནང་བཙུགས་ནིའི་དོན་ལུ་ ཁོ་རའི་ཁྱིམ་ནང་ ལཱ་འབད་བཅུག་སྟེ་ ལོ་༡༣ ལང་པའི་མཐའ་མར་ ད་རེས་འབདཝ་ད་ ཕམ་དང་སྤུན་ཆ་ཚུ་གིས་ བུཚ་དེ་ རྩ་ལས་ར་ མཐོང་ནི་མེདཔ་ལས་ འཚོལ་ཞིབ་འབད་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ཕུལ་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ ཁ་ལེགས་ཤོམ་སྦེ་ སླབ་མ་ཚུགས་པའི་ཁར་ རྣམ་ཅོག་ཡང་ ལེགས་ཤོམ་སྦེ་ མ་གོ་མི་ཨམ་སྲུ་ སྐྱེས་ལོ་༤༦ ལང་མི་ བསོད་ནམས་སྒྲོལ་མ་གིས་ སྤྱི་ལོ་༢༠༠༦ དེ་ཅིག་ལུ་ དྲགོས་དཔལ་ལྡན་དབང་ཕྱུག་དང་ གནས་ཚང་༢ ཀྱིས་ མོ་གི་བུ་ སྐྱེས་ལོ་༡༤ ལང་མི་ དངོས་གྲུབ་ཚེ་རིང་དེ་ བརྡུང་རྫོབ་འབད་སར་ མཐོང་ཡི་ཟེར་ཨིན་པས།
མོ་རའི་བུ་ལུ་ བརྡུང་རྫོབ་མ་འབད་ཟེར་སླབ་ད་ དྲགོས་ཀྱིས་ མོ་ལུ་ཡང་ འདྲངས་བྱིན་པའི་ཁར་ བུཚ་དེ་ གསང་སྤྱོད་ནང་བཙུགས་བཞག་སྟེ་ ཉིནམ་༣ གྱི་རིང་ སྒོ་བསྡམས་བཞག་ཡི་ཟེར་ཨིན་པས།
དེ་བསྒང་ དྲགོས་ཀྱི་ཁྱིམ་ནང་ ལཱ་འབད་མི་ མཱ་ཡ་གིས་ བུཚ་དེ་ལུ་ གསང་སྤྱོད་ནང་སྦེ་ བཞེས་སྒོ་བྱིན་སར་ མཐོང་ཡོདཔ་ཨིན་རུང་ ཉིནམ་༤  གི་ཤུལ་ལས་ གསང་སྤྱོད་ཀྱི་སྒོ་ཕྱེ་བལྟཝ་ད་ བུཚ་དེ་ ག་ཏེ་ཡང་ མིན་འདུག་ཟེར་སླབ་ནུག།
བསོད་ནམས་སྒྲོལ་མའི་ ནུམོ་གི་རྨགཔ་ སྐྱེས་ལོ་༤༠ ལང་མི་ སྒོམ་ཆེན་དེ་ བསམ་གྲུབ་ལྗོངས་མཁར་ བང་ཊར་ལས་ བུཚ་དེ་ འཚོལ་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༣ པའི་ནང་ ཐིམ་ཕུ་ལུ་ལྷོད་ཡོདཔ་ད་ དེ་བསྒང་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ སྐྱེས་ལོ་༢༡ ལང་མི་བུཚ་དེ་ ཐིམ་ཕུ་ལུ་ར་ཡོད་ཟེར་ སླབ་མི་ལུ་བརྟེན་ བློ་བདེ་ཡི་ཟེར་ཨིན་པས།
སྒོམ་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༠༧ ལུ་ གཞུང་གིས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ བཟོ་ནིའི་དོན་ལུ་ སྙན་ཞུ་འབད་མི་དང་འཁྲིལ་ སྤྱི་ལོ་༢༠༠༦ ལུ་ བསོད་ནམས་སྒྲོལ་མའི་ སྐྱེས་བའི་ཨ་པ་ ཏོམ་པོ་གིས་ ཐིམ་ཕུ་ལུ་ དྲགོས་སྡོད་སར་ འོང་བའི་སྐབས་ལུ་ཡང་ ཨ་པ་གིས་ བུམོ་བསོད་ནམས་སྒྲོལ་མ་དང་ཕྱད་ཡོད་རུང་ བུཚ་དེ་ འཕྱད་མ་ཚུགསཔ་ལས་ བུཚ་དེ་གི་སྐོར་ལས་ ལོ་རྒྱུས་སླབ་པའི་སྐབས་ལུ་ དྲགོས་དཔལ་ལྡན་དབང་ཕྱུག་གིས་ ཡོད་ཟེར་སླབ་མ་གཏོགས་ དངོས་སུ་སྦེ་ བཏོན་ནི་མིན་འདུག་ཟེར་ སླབ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༠༧ ལུ་ དྲགོས་དཔལ་ལྡན་དབང་ཕྱུག་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་གི་ དྲུང་ཆེན་སྦེ་སྡོད་པའི་སྐབས་ ཨའི་གི་ཨ་པ་དེ་ ངོ་སྤྲོད་ལག་ཁྱེར་བཟོ་ནིའི་དོན་ལས་ ཐིམ་ཕུ་ལུ་ དྲགོས་འབད་སར་འོང་སྟེ་ བུཚ་དེ་ འཁྱིད་འགྱོ་ནི་ཨིན་ཟེར་ སླབ་པའི་སྐབས་ དྲགོས་ཀྱིས་ ང་དང་གཅིག་ཁར་སྡོད་མི་ཚུ་གི་ ངོ་སྤྲོད་ཚུ་ ང་ར་གིས་ བཟོ་བྱིན་ནི་ཨིནམ་མ་ཚད་ ཕམ་དང་སྤུན་ཆ་ཚུ་ལུ་ ཉོགས་བཤད་མི་འཐོན་ནིའི་དོན་ལུ་ ཡི་གུ་བསྐྱལ་ནི་ཨིན་ཟེར་ སླབ་ཡོདཔ་བཞིན་དུ་ རྫོང་ཁག་བརྒྱུད་དེ་ ཞི་བའི་ཐོ་བཀོད་དང་མི་རྩིས་ལས་ཁུངས་ལས་ ཡི་གུ་ལྷོད་ནུག་ཟེར་ཨིན་པས།
དེ་བསྒང་ ཏོམ་པོ་གིས་ བསོད་ནམས་སྒྲོལ་མ་དང་ཕྱད་རུང་ བུཚ་དེ་དང་ ཕྱད་མ་ཚུགསཔ་ལས་ དྲགོས་ལུ་ ཨ་ལུ་མེད་པའི་སྐོར་ལས་ དྲི་ཞིབ་འབད་རུང་ དེའི་ལན་ལུ་ དྲགོས་ཀྱིས་ བུཚ་དེ་ ནཱ་ར་ཡོདཔ་ལས་ ང་གིས་འཚོལ་བཞག་འོང་ཟེར་ སླབ་པའི་ཤུལ་ལས་ ལོ་༤  ལངམ་ད་ ལོག་སྟེ་ར་ འཚོལ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༡ ཟླ་༩ པའི་ཚེས་༡༦ ལུ་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ལུ་ བུཚ་དེ་མེད་པའི་སྐོར་ལས་ སྙན་ཞུ་ཕུལ་ཏེ་ ལོ་༢ ལྷག་སོ་རུང་ ལོ་རྒྱུས་ག་ནི་ཡང་མེདཔ་ལས་ འཕྲལ་ཁམས་ཅིག་ཁར་ བསོད་ནམས་སྒྲོལ་མའི་ཨ་པ་ ཏོམ་པོ་གིས་ བསོད་ནམས་སྒྲོལ་མ་དང་ བུ་འཕྱད་དགོ་མནོ་ནུག་ཟེར་ སྒོམ་ཆེན་དེ་གིས་ སླབ་ཨིན་པས།
ཨིན་རུང་ དྲགོས་སངས་རྒྱས་དབང་ཕྱུག་སྡོད་སར་སོང་སྟེ་ ལྟ་བའི་སྐབས་ལུ་ བསོད་ནམས་སྒྲོལ་མ་དེ་ ཁྱིམ་ནང་ཡོད་རུང་ བུཚ་དེ་མེདཔ་ལས་ མོ་ར་ གཡོག་ནང་ལས་བཏོན་ཏེ་ ཁྱིད་འོང་ཡི་ཟེར་ སླབ་ཨིན་པས།
སྒོམ་ཆེན་གྱིས་ སླབ་མི་དང་འཁྲིལཝ་ད་ ལོ་༧ ལྷགཔ་ཅིག་གི་རིང་ དྲགོས་ཀྱིས་སླབ་མི་དེ་ལུ་ བློ་བདེ་ཡོད་རུང་ བུཚ་དེ་ རྩ་ལས་ར་ བཏོན་ནི་མེདཔ་ལས་ དུས་ཅི་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ འཚོལ་ཞིབ་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
དྲགོས་ཀྱིས་ ཀུན་གསལ་ལུ་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༥ ཚུན་ ཁོང་མ་སྨད་༢ ཁོ་དང་གཅིག་ཁར་ སྡོད་པའི་ཁར་ བུཚ་དེ་ ལྕང་འབངས་གྲུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༤ པའི་ནང་ དཔེ་ཆ་ལྷབ་བཅུག་པའི་སྐབས་ ཨ་ལུ་དེ་གིས་ ཁྱིམ་ནང་ལས་ ཨར་རྐུན་དང་ སྨྱོ་རྫས་ཚུ་ལག་ལེན་འཐབ་སྟེ་ སློབ་གྲྭ་ནང་ འགྱོ་མ་བཏུབ་པར་ མེདཔ་ཐལ་སོ་ཡི་ཟེར་ཨིན་པས།
ལོ་དེ་ནང་ བུཚ་དེ་གིས་ ཁྱིམ་ནང་ལས་ ཏི་རུ་ཨར་རྐུན་འབད་དེ་ ལོག་ཁྱིམ་ནང་ ལོག་མ་འོངམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་ཕུལ་ཏེ་ རྩིས་སྤྲོད་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༥ ལུ་ ཐིམ་ཕུའི་ཁྲིམས་ཁྲི་༢ པ་ལས་ གྲོས་ཆོད་གནང་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་དང་ ཁྲིམས་འདུན་༢ ཀྱིས་ ཨ་ལུ་དེ་ ག་ལུ་རྩིས་སྤྲོད་འབད་ཡོདཔ་ཨིན་ན་དང་ ག་ཏེ་ཡོད་ག་ ཁོང་ར་གིས་ཤེས་ནི་མ་གཏོགས་ ང་ལུ་ རྩིས་སྤྲོད་མ་འབད་ནི་དེ་གིས་ མི་ཤེས་ཟེར་ཨིན་པས།
སྤྱི་ལོ་༢༠༠༠ ལུ་ བསམ་གྲུབ་ལྗོངས་མཁར་ལུ་ སྡོད་པའི་སྐབས་ ཕམ་ཉམ་ཆུང་ཨིན་པའི་ཁར་ ཨ་ལུའི་ཨ་པ་མེདཔ་ལས་ ཁོང་མ་སྨད་༢ ལུ་ ཆ་རོགས་འབད་ནིའི་དོན་ལས་ བུཚ་དེ་ ཤིང་མཁར་ལའུ་རི་ལས་ ཁྱིད་འོང་སྟེ་ སློབ་གྲྭ་ནང་བཙུགས་ཡི་ཟེར་ཨིན་པས།
ཨིན་རུང་ ཁོང་ཉམ་ཆུང་ཚུ་ལུ་ ལེགས་ཤོམ་འབད་བའི་མཐའ་མར་ ངེ་གི་ མིང་གཏམ་མེདཔ་གཏང་ནི་དང་ ཏི་རུ་དགོ་ནིའི་དོན་ལུ་ ལོ་རྒྱུས་མ་འདྲཝ་ཚུ་ སླབ་མས་ཟེར་ དྲགོས་ཀྱིས་ སླབ་ཨིན་པས།
དེ་བཟུམ་སྦེ་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཨ་ལུའི་སྐོར་ལས་ ཞིབ་དཔྱད་འབད་བའི་སྐབས་ སྤྱི་ལོ་༢༠༠༥ ལུ་ ཨར་རྐུན་དང་ སྨྱོ་རྫས་སྤྱོད་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཞག་ནུག་ཟེར་ཨིནམ་ད་ ཨིན་རུང་ དོ་དམ་ནང་ལས་ བཏོན་པའི་སྐབས་ ག་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་ནའི་ ཡིག་ཆ་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment