གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མ་དངུལ་རྫོགས་མི་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ཚུ་ ཐོགས་ལུས་ཡོདཔ།

༢༡/༣/༢༠༡༣   ཁག་འབགཔ་ཚུ་གིས་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ བཟོ་སྐྲུན་ལཱ་གཞན་ཚུ་ནང་ འགྱོ་ནི་གི་ མནོ་བསམ་བཏངམ་མས་ཟེར་ཨིན་པས།
༉ ཀྲོང་གསར་ལུ་ཡོད་མི་ མང་སྡེ་ཆུ་གློག་མེ་ལས་འགུལ་དབང་འཛིན་གྱིས་ མ་དངུལ་ཚུ་ རྫོགས་སོཔ་ལས་ མ་དངུལ་ཁ་སྐོང་མ་ཐོབ་མི་ལུ་བརྟེན་ ན་ཧིང་ སྤྱི་ཟླ་༡༢ པ་ལས་ཚུར་ བཟོ་སྐྲུན་གྱི་ ལཱ་འབད་མི་ ཁག་འབགཔ་ཚུ་ལུ་ གླ་ཆ་སྤྲོད་མ་ཚུགས་པར་ ཡུན་འགྱངས་ལུས་ཏེ་ཡོདཔ་ཨིན་པས།
མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ ཆུ་མཛོད་རྐྱབ་མིའི་ས་ཁོངས་ནང་ བཟོ་སྐྲུན་ལཱ་འབད་བའི་བསྒང་།


དབང་འཛིན་གྱི་ འགོ་དཔོན་ཚུ་ མ་དངུལ་འཛིན་གྲོལ་འབད་ནི་ལུ་ བསྒུགཔ་བཞིན་དུ་ ད་ཚུན་གྱི་བར་ན་ གཞན་ཁ་ལས་ ཏི་རུ་འཚོལ་ཏེ་ ལས་མིའི་གླ་ཆ་དང་ རྒྱ་གར་ལས་ རྒྱུ་ཆས་ཚུ་ ནང་འདྲེན་འབད་བའི་ རིན་སྤྲོད་དེ་ བདེ་སྒྲིག་འབད་མི་ ས་གནས་ཀྱི་ ཁག་འབགཔ་ཚུ་ དབང་འཛིན་ལས་ ཏི་རུ་ཐོབ་ནི་མེད་པར་ དབུགས་འགམ་སྟེ་ཡོདཔ་ཨིན་པས།
འདི་བཟུམ་མའི་ དངུལ་སྤྲོད་ལེན་འབད་ནི་ ཡུན་འགྱངས་ལུས་མི་ལུ་བརྟེན་ ཁག་འབགཔ་ལ་ལུ་ཅིག་གིས་ རྒྱུ་ཆས་ཚུ་ ཉོ་ནི་གི་ ཏི་རུ་མེད་པར་ ལས་འགུལ་གྱི་དོན་ལུ་ འཁོར་ལམ་སེལ་ནིའི་ལཱ་ཚུ་ མཚམས་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
ཁག་འབགཔ་ཚུ་གིས་འབད་བ་ཅིན་ གླ་ཆ་སྤྲོད་ནི་མེད་མི་ལུ་བརྟེན་ ཕྱིའི་ལས་མི་ཚུ་ བཟོ་སྐྲུན་ས་ཁོངས་གཞན་ཚུ་ནང་ ལཱ་འབད་བར་ འགྱོ་ནི་གི་ འོས་འབབ་ལྟཝ་མས་ཟེར་ཨིན་པས།
འཁོར་ལམ་དང་ སྒྲིང་ཁྱིམ་རྐྱབ་མི་ སྡེ་ཚན་ཀ་པའི་ ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ ལས་འགུལ་དབང་འཛིན་གྱིས་ ཁོ་ལུ་ དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ སྤྲོད་ནི་ཡོད་ཟེར་ཨིནམ་ད་ འདས་པའི་ཟླཝ་༣ གྱི་རིང་ ཁོ་གིས་ ཕྱིའི་ལས་མི་༢༠༠ ལྷགཔ་ཅིག་ཡོད་མི་ཚུ་ལུ་ བདུན་རིམ་བཞིན་དུ་ གླ་ཆ་ཚུ་ དངུལ་ཁང་གི་ ཨོ་བཱར་ཌཱཕཊི་མཐུན་རྐྱེན་ལག་ལེན་འཐབ་སྟེ་ སྤྲོད་དོ་ཡོདཔ་མ་ཚད་ རྒྱ་གར་ལས་ རྒྱུ་ཆས་ནང་འདྲེན་འབད་མི་ཚུ་ལུ་ཡང་ མཐུན་རྐྱེན་དེ་གི་ཐོག་ལས་ སྤྲོད་དོ་ཟེར་ཨིན་པས།
གླ་ཆ་ཚུ་སྤྲོད་ནི་ ཕྱིས་སོ་པ་ཅིན་ བཟོ་སྐྲུན་གྱི་ལཱ་ཚུ་ ཐོགས་ལུས་ནི་རྐྱངམ་གཅིག་མིན་པར་ ལས་མི་ཚུ་ཡང་ བྱང་ནི་གི་ ཉེན་ཁ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ ལས་མི་ཚུ་ཚར་ཅིག་ ཐོན་འགྱོ་བ་ཅིན་ ལོག་འོང་ནི་ལུ་ ལཱ་ཁག་འབྱུང་འོང་ཟེར་ སླབ་ཨིན་པས།
ན་ཧིང་ སྤྱི་ཟླ་༡༢ པའི་ནང་ ལས་འགུལ་གྱིས་ ཁག་འབགཔ་ཚུ་ལུ་ དངུལ་ཀྲམ་ས་ཡ་༥༠༠ ལྷགཔ་ཅིག་ སྤྲོད་ནི་ཡོདཔ་མ་ཚད་ ད་ཚུན་གྱི་བར་ན་ ནང་འཁོད་ཀྱི་ ཁག་འབགཔ་ཚུ་གིས་ ལཱ་མཇུག་བསྡུ་མི་ཚུ་ལུ་ཡང་ ཏི་རུ་སྤྲོད་མ་ཚུགས་པར་ཡོདཔ་ཨིན་པས།
ལས་འགུལ་གྱི་ དངུལ་རྩིས་འགོ་དཔོན་ཚུ་གིས་ ཧེ་མའི་དྲི་བ་དྲིས་ལན་སྐབས་ སླབ་མིའི་ནང་ འགོ་ཐོག་སྐབས་ མ་དངུལ་དུང་ཕྱུར་༣.༧ དགོ་པའི་ གྲོས་འཆར་བཀོད་མི་དེ་ དངུལ་ཀྲམ་དུང་ཕྱུར་༡.༦ ལུ་ བཏོག་བཏང་མི་དེ་ཡང་ རྫོགས་སོ་ནུག་ཟེར་ཨིན་པས།
ལས་འགུལ་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁོང་གིས་ དངུལ་ཀྲམ་དུང་ཕྱུར་༡.༥ ཁ་སྐོང་དགོཔ་སྦེ་ ཞུ་བ་འབད་དེ་ཡོད་མི་ལས་ དངུལ་ཀྲམ་ས་ཡ་༥༠༠ ཁག་འབགཔ་ཚུ་ལུ་ སྤྲོད་འོང་ཟེར་ཨིན་པས།
མང་སྡེ་ཆུ་ལས་འགུལ་དབང་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཨེ་ཀེ་ མིཤ་ར་གིས་ སླབ་མིའི་ནང་ སྤུ་ན་གཙང་ཆུ་དང་ མང་སྡེ་ཆུ་ལས་འགུལ་གཉིས་ཀྱི་དོན་ལུ་ ལྷན་ཐབས་མ་དངུལ་དུང་ཕྱུར་༤ འབད་མི་དེ་ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་ཡོདཔ་ལས་ རྒྱལ་ཁབ་ཀྱི་ དངུལ་རྩིས་ལྷན་ཁག་གིས་ འཕྲལ་མགྱོགས་ར་ རྒྱ་གར་གྱི་ ཕྱི་འབྲེལ་ལྷན་ཁག་ལུ་ མ་དངུལ་འཛིན་གྲོལ་གནང་དགོ་པའི་ ཞུ་བ་འབད་འོང་ཟེར་ཨིན་པས།
ང་བཅས་ཀྱི་ རེ་བ་ལས་འབད་བ་ཅིན་ མ་དངུལ་དེ་ སྤྱི་ཟླ་༣ པའི་ཚེས་༢༢ ཀྱི་ཤུལ་ལས་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ མིཤ་ར་གིས་ བཤད་པའི་ཁར་ ལས་འགུལ་དེ་གི་ ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་སྤྲོད་ནི་དང་ ནང་འཁོད་ཀྱི་ ཁག་འབགཔ་ཚུ་ལུ་ ལཱ་ཕྱམ་ཕྱིམ་འབད་བའི་ གླ་ཆ་སྤྲོད་ནིའི་དོན་ལུ་ ཁོང་གིས་ སྤུ་ན་གཙང་ཆུ་ལས་འགུལ་ལས་ དངུལ་ཀྲམ་ས་ཡ་༣༥ བསྐྱི་དགོཔ་བྱུང་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment