གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷ་ཁང་དང་ མཆོད་རྟེན་གསར་བཞེངས་འབད་ནི་ཚུ་ དམ་འཛིན་འབད་ནི།


ནངས་པ་ལས་ ཆོས་སྡེའི་གཙོ་འཛིན་གྱི་ཞལ་འཛོམས་ ཐེངས་དང་པ་ འགོ་བཙུག་ནི་ཨིན་པས།
བསྟན་འཛིན་རྣམ་རྒྱལ།

ད་ལས་ཕར་ རྒྱབ་ཁབ་ནང་ ལྷ་ཁང་དང་དགོན་སྡེ་ མཆོད་རྟེན་གསརཔ་བཞེངས་ནི་ཚུ་ དམ་འཛིན་འབད་ནིའི་དོན་ལུ་ ཐབས་ལམ་བཏོན་པའི་བསྒང་ཡོད་ཟེར་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ཁ་ཙ་ བརྡ་བརྒྱུདཔ་ཚུ་དང་གཅིག་ཁར་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ གསུངས་ཡི།

དེ་ཡང་ སྤྱི་ལོ་༢༠༠༩ ལུ་ ས་ཡོམ་གྱིས་ ཤར་ཕྱོགས་རྫོང་ཁག་༦ ནང་ ལྷ་ཁང་དང་ མཆོད་རྟེན་༢༦༥ དེ་ཅིག་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ ལྷ་ཁང་དང་ མཆོད་རྟེན་༢༨༥ ལྷགཔ་ཅིག་ མེདཔ་བཏང་མི་ཚུ་ ཉམས་གསོ་ཞུ་བའི་སྐབས་ གཞུང་ལུ་ སྐུ་གྱོང་སྦོམ་ཕོག་ནི་དེ་གིས་ཨིན་ཟེར་ ནང་སྲིད་བློན་པོ་གིས་ གསུུངས་ཡོདཔ་ད་ འདི་བཟུམ་མའི་ ཉམས་མྱོང་ལུ་ བལྟ་བ་ཅིན་ ད་ལྟོ་ཡོད་མི་ ལྷ་ཁང་དགོན་སྡེ་ཚུ་ ལེགས་ཤོམ་སྦེ་ བདག་འཛིན་འཐབ་ནི་མ་གཏོགས་ གསར་བཞེངས་འབད་ནི་དེ་ བཞག་དགོ་པས་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ལྷ་ཁང་དགོན་སྡེ་ཚུ་ བཞེངས་པའི་སྐབས་ ཕྱིའི་རྒྱལ་ཁབ་དང་ ནང་འཁོད་ལས་ གྲོགས་རམ་འབད་མི་འཐོན་རུང་ རང་བཞིན་གྱི་ རྐྱེན་ངན་གྱིས་ གནོད་སྐྱོན་རྐྱབ་པའི་བསྒང་ལས་ ཉམས་གསོ་ཞུ་མི་གཞུང་མ་གཏོགས་ གྲོགས་རམ་འབད་མི་ མི་འཐོན་པས་ཟེར་ཨིནམ་ད་ ད་རེས་ནངས་པ་ འབྲུག་མི་མང་ཤོས་ཅིག་གིས་ ཆོས་སྡེའི་ནང་ སྡོད་ནི་གི་ སྤྲོ་བ་མེད་མི་ལུ་བལྟ་རུང་ ལྷ་ཁང་གསརཔ་བཞེངས་མི་ཚུ་ བདག་འཛིན་འཐབ་མི་ དཀོན་སུ་འོང་ནི་མས་ཟེར་གསུངས་ཡི།
ཨིན་རུང་ ནངས་པ་ལས་ འགོ་བཙུག་ནི་ཨིན་མི་ ཆོས་སྡེའི་གཙོ་འཛིན་ཚུ་གི་ ཞལ་འཛོམས་ཐེངས་དང་པའི་སྐབས་ གནད་དོན་དེ་ཚུ་ གསུང་གྲོས་རྒྱས་པར་གནང་སྟེ་ གྲོས་ཐག་བཅད་ནི་ཨིནམ་ད་ ཉིནམ་༢ ཀྱི་ ཞལ་འཛོམས་སྐབས་ འབྲུག་གི་ཆོས་སྡེའི་བཅའ་ཁྲིམས་ཀྱི་ བྱ་བའི་གནད་སྤྱོད་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ནི་ཨིན་པས།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ གཞུང་གྲྭ་ཚང་གི་ མངའ་འོག་ལུ་མ་ཚུད་མི་ དགོན་སྡེ་དང་གྲྭ་ཚང་ བཤད་གྲྭ་ ལྷ་ཁང་ སྒྲུབ་སྡེ་ སྒོམ་སྡེ་ དེ་ལས་ ཧིན་དུའི་མཱན་དིར་ཚུ་ ཆོས་སྡེ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་དགོཔ་བཞིན་དུ་ ད་ཚུན་གྱི་བར་ན་ ཆོས་སྡེ་༣༦ གིས་ ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་མི་ལས་ མང་ཤོས་ཅིག་ རྙིང་མའི་ཆོས་སྡེ་ སྙིང་ཐིག་དང་ གཏེར་གསར་ པད་གླིང་གི་ཆོས་ལུགས་འཛིན་མི་ཚུ་ཨིན་པས།
ཞལ་འཛོམས་ནང་ ཆོས་སྡེའི་བླ་སྤྲུལ་དང་ མཁན་པོ་ གཙོ་འཛིན་༡༦༤ དེ་ཅིག་གིས་ བཅའ་མར་གཏོགས་ནི་ཨིནམ་ད་ དེ་བསྒང་ ཆོས་སྡེའི་བཅའ་ཁྲིམས་ཁག་ཆེ་བའི་སྐོར་ལས་དང་ ཆོས་སྡེ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་བའི་ཁེ་ཕན་ གཞུང་གི་གྲོགས་རམ་ཐོབ་ཐངས་ དེ་ལས་ ཆོས་སྡེ་ཚུ་གིས་ ལོ་བསྟར་བཞིན་དུ་ ཁོང་གི་དངུལ་གྱི་རྩིས་ཐོ་ཚུ་ གཞུང་ལུ་ སྙན་ཞུ་འབད་དགོ་པའི་སྐོར་ལས་ གསལ་བཤད་འབད་ནི་ཨིན་པས།
གནད་དོན་གཞན་ཡང་ མཐའ་ཟུར་ཆོས་སྡེ་ཚུ་ནང་ ཆོས་ཚན་རྩ་གཞུང་འགོ་བཙུག་ནི་དང་ དེ་གི་དོན་ལུ་ ཆོས་སྡེ་ལྷན་ཚོགས་ཀྱིས་ འབྲུག་གི་ཆོས་སྡེ་ཆོས་ཚན་རྩ་གཞུང་ཟེར་མི་ དཔེ་དེབ་ཅིག་ ཟིན་བྲིས་བཏབ་སྟེ་ཡོདཔ་ལས་ རྩ་གཞུང་དེ་ ག་དེ་སྦེ་ འགོ་བཙུག་ནི་ཨིན་ནའི་སྐོར་ལས་ཡང་ གྲོས་བསྟུན་འབད་ནི་ཨིན་ཟེར་ ནང་སྲིད་བློན་པོ་གིས་གསུངས་ཡི།
ད་རུང་ ད་རེས་ནངས་པ་ བཤད་གྲྭ་དང་ སྒོམ་སྡེ་ནང་ འཛུལ་ནི་གི་ སྤྲོ་བ་མེད་མི་ ན་གཞོན་ཚུ་གིས་ སེམས་ཤུགས་བསྐྱེད་བཅུག་ནི་དང་ ཆོས་སྡེ་ནང་ལས་ ཐོན་འགྱོ་མི་ཚུ་ བཀག་ཐབས་འབད་ནིའི་ ཐབས་ཤེས་ཚུ་ཡང་ བཏོན་ནི་ཨིནམ་ད་ འབྲུག་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ ཆོས་ལེགས་ཤོམ་སྦེ་ འཛིན་སྐྱོང་སྤེལ་གསུམ་འབད་ནི་དེ་ གཞུང་དང་ཆོས་སྡེ་ཚུ་གིས་འགན་ཁུར་ཨིན་ཟེར་ བློན་པོ་མི་འགྱུར་རྡོ་རྗེ་གིས་གསུངས་ཡི།
འབྲུག་གི་ཆོས་སྡེ་བཅའ་ཁྲིམས་དེ་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་ཆོས་ ཉེན་སྐྱོབ་དང་ ཉམས་སྲུང་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༠༧ ལུ་ཆ་འཇོག་གྲུབ་ཡོདཔ་ཨིན་རུང་ བཅའ་ཁྲིམས་དེ་གིས་ ཆོས་སྡེ་དམ་དམ་བཟོ་སྟེ་ དབང་ཚད་མེདཔ་བཟོ་ནི་མས་ཟེར་ སླབ་མི་ཡང་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment