གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཕྲལ་མགྱོགས་ར་ ཆོས་སྡེ་ཚུ་ནང་ ཆོས་ཚན་རྩ་གཞུང་འགོ་བཙུག་ནི།


བསྟན་འཛིན་རྣམ་རྒྱལ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ དགོན་སྡེ་དང་ ལྷ་ཁང་ ཨ་ནེམོ་གྲྭ་ཚང་ དེ་ལས་ སློབ་གྲྭ་ཚུ་ནང་ འཕྲལ་མགྱོགས་ར་ ཆོས་ཚན་རྩ་གཞུང་ འགོ་བཙུག་ནི་ཨིནམ་ད་ དེ་ཡང་ ཆོས་སྒོར་ཞུགས་མི་ཚུ་ ཆོས་སྡེ་ནང་ལས་ འཐོན་འགྱོ་ནི་ལུ་ བཀག་ཐབས་འབད་ནི་དང་ ཆོས་སྡེ་ནང་ འཛུལ་ཞུགས་འབད་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནིའི་དོན་ལུ་ཨིན་པས།

ད་རེས་ རྒྱལ་ཁབ་ཡར་རྒྱས་ཀྱི་ འགྱུར་བ་དང་འཁྲིལ་ཏེ་ ཆོས་སྒོར་ཞུགས་ནི་གི་ སྤྲོ་བ་བསྐྱེད་མི་ ཉུང་སུ་ཅིག་ལས་མེད་པའི་ཁར་ ཆོས་སྡེ་ནང་ལས་ ཐོན་འགྱོ་མི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་ཡོདཔ་ད་ ཆོས་སྡེ་ལ་ལུ་ཅིག་ནང་ ཧེ་མ་ ཆོསཔ་བརྒྱ་ལས་བཅད་དེ་ཡོད་རུང་ ད་རེས་ནངས་པ་ ཆོསཔ་༥༠ དང་༦༠ དེ་ཅིག་ལུ་ མར་བབས་སོང་ཡོདཔ་ཨིན་པས།
བཀྲིས་སྒང་བར་མཚམས་ཕྱག་རྡོར་ལྷ་ཁང་གི་ བཤད་གྲྭ་ནང་འབད་བ་ཅིན་ དེ་བཟུམ་མའི་ དཀའ་ངལ་བྱུང་མི་ལུ་ གདོང་ལེན་འབད་ནིའི་དོན་ལས་ ཨིང་ལིཤ་གི་ཆོས་ཚན་ཡང་ འགོ་བཙུགས་ཏེ་ ལོ་༡ དེ་ཅིག་ སོང་ཡི་ཟེར་ རྡོ་རྗེ་སློབ་དཔོན་ བསོད་ནམས་ཀྱིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨིང་ལིཤ་གི་ཆོས་ཚན་ འགོ་བཙུགསཔ་ལས་ཚུར་ ཆོས་སྡེ་ནང་ལས་ ཐོན་འགྱོ་མི་ཚུ་ བཀག་ཚུགས་པས་ཟེར་ཨིནམ་ད་ བཤད་གྲྭ་ནང་ ཨིང་ལིཤ་སྟོན་མི་དེ་ ཡུ་ཀེ་རྒྱལ་ཁབ་ལས་ ཨམ་སྲུ་ཅིག་ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དེ་བཟུམ་མའི་ ཐབས་ཤེས་མ་བཏོན་པ་ཅིན་ ནམ་ཅིག་གི་ཚེ་ བཤད་གྲྭ་སྟོངམ་འཐོན་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
རྡོ་རྗེ་སློབ་དཔོན་ བསོད་ནམས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཆོས་སྡེ་ནང་ བཅའ་མར་གཏོགས་མི་ཚུ་ག་ར་ ཆོས་འབད་ནི་གི་ མནོ་བསམ་མེད་པར་ ཆོས་སྡེ་ནང་ལས་ མཐར་འཁྱོལ་འགྱོ་བའི་སྐབས་ ལཱ་གཡོག་ཅིག་ འཐོབ་པའི་རེ་བ་བསྐྱེད་མི་ཨིན་པའི་ཁར་ མང་ཤོས་ར་ ཕམ་ཉམ་ཆུང་གི་ཨ་ལུ་དང་ དབང་པོ་དང་ ཡན་ལག་ཚུ་ལུ་ སྐྱོན་ཕོག་མི་ཚུ་ཨིནམ་ལས་ ཁོང་ཆ་ཁྱབ་ ཆོས་སྡེ་ལས་ འཐོན་འགྱོ་རུང་ ལཱ་གཡོག་འཐོབ་ནི་ལུ་ ཕན་ཐབས་འོང་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ བུམ་ཐང་མཁར་ཆུ་གྲྭ་ཚང་ནང་ཡང་ འཕྲལ་མགྱོགས་ར་ ཨིང་ལིཤ་གི་ཆོས་ཚན་ འགོ་བཙུག་ནིའི་ འཆར་གཞི་ཡོདཔ་ད་ སློབ་དཔོན་ངག་དབང་ཐེག་མཆོག་གིས་ སླབ་མིའི་ནང་ ད་རེས་ནངས་པ་ དུས་དང་བསྟུནམ་ད་ ཆོས་སྡེ་ཚུ་ནང་ཡང་ ཨིང་ལིཤ་གི་ཆོས་ཚན་དེ་ ཁག་ཆེ་བའི་ཁར་ དགེ་སློང་ཚུ་གིས་འབད་རུང་ ཨིང་ལིཤ་ལྷབ་ནི་ལུ་ སྤྲོ་བ་སྦོམ་ལེནམ་མས་ཟེར་ཨིནམ་ད་ ཨིང་ལིཤ་ཆོས་ཚན་གྱི་དོན་ལུ་ སློབ་དཔོན་༢ ལེན་ནི་ཟེར་ཨིན་པས།
ཆོས་སྡེའི་གཙོ་འཛིན་ མང་ཤོས་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཨིང་ལིཤ་དང་ ཆོས་ཚན་རྩ་གཞུང་ འགོ་བཙུག་པ་ཅིན་ ཆོས་སྡེ་ནང་ལས་ སྒོམ་ཆེན་དང་ དགེ་སློང་ཚུ་ འཐོན་འགྱོ་ནི་ལས་ བཀག་ཚུགས་ནི་མས་ཟེར་ཨིནམ་ད་ ཆོས་ཚན་དེ་གིས་ ཆོས་ལེགས་ཤོམ་ འབད་མ་ཚུགས་མི་ཚུ་གི་ ཤེས་ཚད་ཡར་དྲག་གཏང་ནི་ལུ་ ཕན་ཐོགས་ཏེ་ རྒྱལ་ཁབ་ལུ་ ཕྱག་ཞུ་ཚུགས་པའི་ གོ་སྐབས་འབྱུང་ནི་མས་ཟེར་ཨིན་པས།
ཆོས་ཚན་རྩ་གཞུང་གིས་ ད་ལས་ཕར་ མཐའ་ཟུར་གྱི་དགོན་སྡེ་དང་ ལྷ་ཁང་ གྲྭ་ཚང་ལ་སོགས་པ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་ད་ སྲོལ་འཛིན་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འོག་མ་ ཕུར་པ་རྡོ་རྗེ་གིས་ སླབ་མིའི་ནང་ གཞི་རིམ་སྡེ་ཚན་ སློབ་རིམ་དང་པ་ལས་༦ པ་ཚུན་ རིག་གནས་ཀྱི་སྐོར་ལས་ ལྷབ་ནི་དང་ དེ་ལས་ མཐོ་རིམ་འཛིན་གྲྭ་༩ པ་ཚུན་ རིག་གཞུང་ཚུ་ སྟོན་ནི་ཟེར་ཨིནམ་ད་ ཨིང་སྐད་ཀྱི་ཆོས་ཚན་ཡང་ གཞི་རིམ་ལས་ མཐོ་རིམ་ཚུན་ སྟོན་ནི་ཨིན་པས།
དེ་འབདཝ་ད་ ཆོས་ཚན་རྩ་གཞུང་དང་ ཨིང་ལིཤ་གི་ཆོས་ཚན་ ག་གིས་སྟོན་ནི་ཨིན་ན་ཟེར་ དྲི་བའི་ལན་ལུ་ ཕུར་པ་རྡོ་རྗེ་གིས་ སླབ་མིའི་ནང་ ཆོས་སྡེ་ཆེ་རིམ་ཚུ་གིས་ ཆུང་རིམ་ཚུ་ལུ་ གྲོགས་རམ་འབད་དེ་ སྟོན་ནི་ཟེར་ཨིནམ་ད་ ཨིན་རུང་ ཆོས་ཚན་རྩ་གཞུང་སྟོན་མི་ ཆོས་སྡེ་ཆེ་རིམ་ཚུ་གིས་ ཆུང་རིམ་ཚུ་ གཏན་འཇགས་སྦེ་ གྲོགས་རམ་འབད་མི་དེ་ གོ་སྐབས་སྦོམ་མེདཔ་ཨིན་པས།
ཆོས་སྡེའི་གཙོ་འཛིན་ཚུ་གིས་འབད་བ་ཅིན་ སློབ་སྟོན་འབད་མི་དེ་ གནས་སྐབས་ཀྱི་དོན་ལུ་མེན་པར་ གཞུང་གིས་ བསྐོ་བཞག་འབད་ཐོག་ དེ་དང་བསྟུན་པའི་ དངུལ་ཕོགས་ཚུ་ སྤྲོད་པ་ཅིན་མ་གཏོགས་ དེ་མེན་ རིན་མེད་སྟོང་པ་སྦེ་ སློབ་སྟོན་འབད་མི་ དཀོན་སུ་ཅིག་འོང་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment