གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལག་ལེན་འཐབ་མི་ སྣུམ་འཁོར་ཚུ་གི་ཚོང་སྒྱུར་ ལེགས་ཤོམ་འགྱོ་དོ་ཡོདཔ།


བསམ་གཏན་ཡེ་ཤེས།

རྒྱལ་ཁབ་ནང་ རུ་པིའི་ དཀའ་ངལ་ལུ་བརྟེན་ སྣུམ་འཁོར་གྱི་ ཚོང་འབྲེལ་འཐབ་མི་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་རུང་ ལག་ལེན་འཐབ་མི་ སྣུམ་འཁོར་རྙིངམ་ཚུ་ ཚོང་སྒྱུར་འཐབ་མི་ ལས་སྡེ་ཚུ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་ལེགས་ཤོམ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་ལས་ སྒེར་འཁོར་ཚུ་ ནང་འདྲེན་འཐབ་ནི་ཚུ་ བཀག་ཆ་འབད་བའི་ཤུལ་ལས་ སྣུམ་འཁོར་རྙིངམ་ཚུ་ ཉོ་བཙོང་འཐབ་མི་ ཀརྨ་གི་ ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་དོ་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ བདུན་ཕྲག་རེ་ནང་ སྣུམ་འཁོར་༢ དེ་ཅིག་ལས་ བཙོང་མ་ཚུགསཔ་ཨིན་རུང་ གཞུང་གིས་ རུ་པི་གི་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་ཚུ་ ལག་ལེན་འཐབ་པའི་ཤུལ་ལས་ ཉིནམ་རེ་ནང་ སྣུམ་འཁོར་༢ དེ་རེ་བཙོང་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་གཞན་གྱིས་ ལག་ལེན་འཐབ་མི་ སྣུམ་འཁོར་རྙིངམ་ཚུ་ བཙོང་མི་ཐོནམ་ད་ ཉོ་ཞིནམ་ལས་ བཅོ་ཁ་རྐྱབ་སྟེ་ ད་རུང་ མཁོ་འདོད་བཀོད་མི་ཚུ་ལུ་ བཙོངམ་ཨིན་ཟེར་ཨིན་པས།
ཀརྨ་གིས་ སྤྱི་ཟླ་༨ པའི་ཧེ་མར་ སྣུམ་འཁོར་ནང་འདྲེན་གྱི་ བཀག་ཆ་མེད་པའི་རིང་ལུ་ ཟླཝ་རེ་ནང་ མཐོ་ཤོས་སྣུམ་འཁོར་༡༥ རེ་མ་གཏོགས་ བཙོང་མ་ཚུགསཔ་ཨིན་རུང་ ད་རེས་འབདཝ་ད་ བདུན་ཕྲག་རེ་ནང་ ཆ་སྙོམས་ལུ་ སྣུམ་འཁོར་༨ དེ་རེ་ བཙོང་ཚུགས་མི་ལུ་བརྟེན་ ཁེ་སང་བཟོ་ཚུགས་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་རེས་ཀྱི་ གནས་སྟངས་ནང་ ཚོང་མགྲོན་པ་ཚུ་གིས་ ཧེ་མ་བཟུམ་སྦེ་ གོང་ཚད་ཕབ་ཆག་འབད་དགོ་པའི་ ཨུ་ཚུགས་མི་རྐྱབ་པས་ཟེར་ཨིན་པས།
ད་རེས་ཁམས་ཅིག་ཁར་ སྣུམ་འཁོར་རྙིངམ་ཚུ་ལུ་ མཁོ་འདོད་བཀོད་མི་ ཡར་སེང་སོང་མི་དེ་ཡང་ ཁྲོམ་ཁར་སྡོད་མི་ཚུ་ལུ་ སྣུམ་འཁོར་གྱི་ལག་ལེན་དེ་ མེད་ཐབས་མེདཔ་ཅིག་ཨིན་པའི་ཁར་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྣུམ་འཁོར་ནང་འདྲེན་ བཀག་ཆ་འབད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་བཤད་ཅི།
ཀརྨ་གིས་ སླབ་མིའི་ནང་ མཁོ་སྒྲུབ་འབད་བཞག་མི་ སྣུམ་འཁོར་རྙིངམ་ཚུ་ མང་ཤོས་ར་ བཙོང་ཚར་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ འཇིགས་མེད་དབང་ཕྱུག་གིས་ཡང་ དེ་བཟུམ་མའི་ སྣུམ་འཁོར་ཚུ་ ཉོ་བཙོང་གི་ ཚོང་འབྲེལ་འཐབ་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ལག་ལེན་འཐབ་མི་ སྣུམ་འཁོར་རྙིངམ་ཚུ་ ཧེ་མ་དང་ཕྱདཔ་ད་ འཇམ་ཏོང་ཏོ་འབད་ བཙོང་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ ད་རེས་ནངས་པ་ བདུན་ཕྲག་རེ་ནང་ ལག་ལེན་འཐབ་མི་ སྣུམ་འཁོར་རྙིངམ་༥ དེ་རེ་ བཙོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment