གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྡེ་ལྷན་ཚོགས་ཀྱིས་བཟོ་མི་ ངེས་ཚིག་དང་འཁྲིལ་དགོཔ།


བསྟན་འཛིན་རྣམ་རྒྱལ།

སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་གཞི་བཙུགས་ཀྱི་ བཙག་འཐུ་འབད་བའི་སྐབས་ ཆོས་པའི་ཆས་སྒྲིག་སྟེ་སྡོད་མི་ ལེ་ཤ་ཅིག་གིས་ གསང་བའི་ཚོགས་རྒྱན་བསྐྱུར་ནི་གི་ གོ་སྐབས་མ་ཐོབ་མི་དེ་ཡང་ ཁོང་ཆ་ཁྱབ་ ཆོསཔ་ཨིན་པའི་ངོ་རྟགས་ མཚན་འཛིན་དང་ ལག་ཁྱེར་ཚུ་མེད་རུང་ ཆོས་གོ་གྱོན་ཙམ་ཅིག་གིས་ ཆོས་པའི་གྲངས་སུ་ ཚུད་མི་ལུ་བརྟེན་ཨིན་པས།

མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ མི་གྱངས་ཁ་མ་ཆོདཔ་སྦེ་ ཆོས་པའི་ཚུལ་བཟུང་སྟེ་ ཆོས་དང་འབྲེལ་བའི་ ལཱ་འབད་ནི་ཡོད་པའི་ཁར་ འཇིག་རྟེན་པའི་ ལཱ་ནང་ཡང་ བཅའ་མར་གཏོགས་ནི་དེ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ ཕྱི་ལས་བལྟཝ་ད་ ཆོསཔ་བཟུམ་མཐོང་མི་ཚུ་ ལེགས་ཤོམ་སྦེ་ དབྱེ་བ་ཕྱེ་མ་ཚུགས་པར་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས།
ཨིན་རུང་ དེ་བཟུམ་མའི་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྒོར་ཞུགས་མི་ཚུ་གི་ ངེས་ཚིག་བཟོ་ཡོདཔ་ལས་ དེ་གིས་ ཤུལ་མའི་བཙག་འཐུའི་སྐབས་ ཆོས་སྒོར་ཞུགས་མི་ཚུ་ ལེགས་ཤོམ་སྦེ་ དབྱེ་བ་ཕྱེ་ཚུགས་ནི་དང་ ཆོས་པའི་གྲངས་སུ་ མ་ཚུད་མི་ཚུ་གིས་ རང་སོའི་ཐོབ་དབང་ཚུ་ བསྟར་སྤྱོད་འབད་ཚུགས་ནི་ཨིན་པས།
དཀོན་གཉེར་དང་ རྩིསཔ་གི་ངེས་ཚིག་དེ་ མཚན་འཛིན་ཡོད་མི་ཅིག་ལུ་ གོ་དོ་ཡོདཔ་ད་ བླམ་ཟེར་མི་དེ་ གདུང་བརྒྱུད་ཀྱི་བླམ་ཨིན་རུང་ དགོན་སྡེ་དང་ གདན་ས་ སློབ་མ་མེད་པའི་ཁར་ འཇིག་རྟེན་པའི་ ཆས་སྒྲིག་སྟེ་ སྐབས་ཐོབ་དང་བསྟུན་ བླམ་ཆོས་པའི་ཆས་སྒྲིག་པ་ཅིན་ བླམ་གི་གྲངས་སུ་ མི་ཚུད་ཟེར་ཨིན་པས། 
ངེས་ཚིག་དང་འཁྲིལ་བ་ཅིན་ བླམ་ཟེར་མི་དེ་ གདུང་བརྒྱུད་འཛིན་མི་ཨིན་པའི་ཁར་ དགོན་པ་དང་ སློབ་མ་སྐྱོང་སྟེ་ དུས་རྒྱུན་དུ་ ཆོས་ཕྱོགས་ལུ་བརྩོན་ཏེ་ བཞུགས་དགོཔ་མ་ཚད་ མཚན་འཛིན་མེད་རུང་ གངས་ཁྲོད་རི་ཁྲོད་འགྱིམ་སྟེ་ ཆོས་རྣམ་དག་འབད་བཞུགས་དགོ་ཟེར་ཨིན་རུང་ ཆོས་སྡེའི་གཙོ་འཛིན་ཚུ་གིས་ ངེས་ཚིག་དེ་ ཁ་གསལ་མིན་འདུག་ཟེར་ ཞུ་མི་ལུ་བརྟེན་ དག་བཅོས་འབད་ནི་སྦེ་ གྲོས་ཐག་བཅད་ཅི།
དེ་ལས་ མཚམས་པ་ཟེར་མི་དེ་ དགེ་སློང་དང་ མཚམས་པའི་ཆས་སྒྲིག་སྟེ་ ཁ་ཐུན་དགེ་སྦྱོར་ལུ་བརྩོན་པའི་ཁར་ ཆོས་སྡེ་ཚུ་ནང་མཚན་འཛིན་ཡོད་པའི་གུ་ གཞུང་ལས་ལྟོ་ཕོགས་དང་ ཡང་ཅིན་ འཐུས་ཐོབ་མི་ཅིག་ལུ་ སླབ་ནི་ཨིནམ་ད་ ཨ་ནེམོ་ཟེར་མི་དེ་ རབ་བྱུང་གི་ བསྙེན་པར་རྫོགས་ཏེ་ ཨ་ནེམོ་གི་ ཆས་སྒྲིག་སྟེ་ དུས་རྒྱུན་ཆོས་ཁོ་ན་ལུ་ བརྩོན་པའི་ཁར་ དགོན་པར་བཞུགས་མི་དང་ གལ་སྲིད་ མཚན་ཐོ་མེད་རུང་ གངས་ཁྲོད་རི་ཁྲོད་ལུ་བཞུགས་པའི་ཁར་ ཉམས་ལེན་འབད་མི་ཅིག་ལུ་ ཞུ་ནི་ཨིན་པས།
དེ་ལས་ སྒོམ་ཆེན་དེ་ གཞུང་ལས་ལྟོ་ཕོགས་དང་ ཡང་ཅིན་ ལྟོ་ཐོབ་མི་ཨིན་པའི་ཁར་ མཚན་འཛིན་མེད་རུང་ གངས་ཁྲོད་རི་ཁྲོད་ལུ་ བཞུགས་མི་ལུ་ སླབ་ནི་ཨིན་པས།
བླ་སྤྲུལ་དེ་ ཆོས་པའི་ན་བཟའ་བཞེས་ཏེ་ དགོན་སྡེ་སྐྱོང་སྟེ་ བཞུགས་མི་ཨིན་པའི་ཁར་ མཚན་འཛིན་ཡོད་མི་དང་ གཞུང་ལས་འཐུས་ཐོབ་མི་ལུ་ ཞུ་དོ་ཡོདཔ་ད་ སྤྲུལ་སྐུ་དེ་ ཁྲི་མངའ་གསོལ་མཛད་དེ་ དགོན་སྡེ་སྐྱོང་བའི་ཁར་ ཆོས་སྡེ་མེད་རུང་ དགེ་སློང་གི་ཆས་སྒྲིག་སྟེ་ ཆོས་ཕྱོགས་ཀྱི་ བྱ་བ་ལུ་བརྩོན་དགོཔ་བཞིན་དུ་ མཁན་པོ་ཟེར་མི་དེ་ དགེ་སློང་གི་ཆས་སྒྲིག་སྟེ་ འཇིག་རྟེན་སྐྱབས་སུ་བཞུགས་པའི་ཁར་ མཚན་ཐོ་ཡང་དགོ་ཟེར་ཨིན་པས།
ཆོསཔ་དང་དགེ་སློང་ཚུ་ གལ་སྲིད་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་པ་ཅིན་ འཇིག་རྟེན་པའི་ ཆས་བསྒྲིག་དགོཔ་བཞིན་དུ་ བླ་བརྒྱུད་དེ་ བླམ་གི་བརྒྱུད་པ་ལུ་ གོ་བའི་ཁར་ ཆོས་པའི་ཆས་སྒྲིག་སྟེ་ དགོན་སྡེ་ཚུ་ནང་ མཚན་འཛིན་མེད་རུང་ གཞུང་ལས་ དངུལ་ཕོགས་ཐོབ་པ་ཅིན་ བཏུབ་ཟེར་ཨིན་པས།
དེ་ལས་ ཧིན་དུའི་ཆོས་ལུགས་ནང་འབད་བ་ཅིན་ པཎྡིཏ་ཟེར་མི་དེ་ ངོས་འཛིན་ཡོད་མི་དང་ ལག་ཁྱེར་འཆང་མི་ དེ་ལས་ གཞུང་ལས་ ལྟོ་ཕོགས་དང་ ཡང་ཅིན་ འཐུས་ཐོབ་མི་ཅིག་ལུ་ སླབ་པའི་ཁར་ པུརོ་ཧིཏ་དེ་ དུས་རྒྱུན་མཱན་དིར་ ཡང་ཅིན་ ཆོས་ཚོགས་ནང་ བཅའ་མར་གཏོགས་མི་དང་ གཞུང་ལས་ལྟོ་ཕོགས་ཐོབ་མི་ཅིག་ལུ་ གོ་དོ་ཡོདཔ་ད་ པུ་ཇཱ་རི་དེ་ཡང་ གཞུང་ལས་ལྟོ་ཕོགས་ཐོབ་མི་དང་ དུས་རྒྱུན་མཱན་དིར་དང་ ཡང་ཅིན་ ཆོས་ཚོགས་ནང་ བཅའ་མར་གཏོགས་མི་ཨིན་པའི་ཁར་ ངོས་འཛིན་ཡོད་མི་ཅིག་ལུ་ སླབ་དོ་ཡོདཔ་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསུངས་མིའི་ནང་ ངེས་ཚིག་དེ་ བཙག་འཐུའི་ནང་ བཅའ་མར་གཏོགས་ཆོག་མི་ཆོག་གི་ དབྱེ་བ་ཕྱེ་ནིའི་དོན་ལུ་ གོ་བ་འཇམ་ཏོང་ཏོ་སྦེ་ བཟོ་མི་དེ་ཡང་ ཆོས་སྒོར་ཞུགས་མི་ཚུ་གིས་ གྲོས་འཆར་ཕུལ་མི་དང་འཁྲིལ་ཏེ་ བཟོ་བ་ཅིན་ བཀའ་དང་བསྟན་བཅོས་ དེ་ལས་ སྔགས་ཀྱི་གོ་བ་ལེ་ཤ་ལེན་དགོཔ་ལས་ དེ་ཚུ་ལུ་ གཞི་བཞག་པ་ཅིན་ གོ་དོན་ལེ་ཤ་འཐོན་ནི་མས་ཟེར་ཨིན་པས།
ཆོས་སྒོར་ཞུགས་མི་ཚུ་གིས་འབད་བ་ཅིན་ ཆོས་པའི་ཚུལ་བཟུང་མི་ཚུ་ལུ་ གསང་བའི་ཚོགས་རྒྱན་སྐྱུར་ནི་ལས་ བཀག་ཆ་འབད་མི་དེ་ གཞི་རྟེན་ཐོབ་དབང་ལས་འགལ་བའི་ བྱ་རིམ་ཅིག་ཨིནམ་ལས་ གཞུང་གིས་ ཆོསཔ་ངོ་མ་དང་ ཚུལ་བཟུང་མི་ཚུ་གི་བར་ན་ དབྱེ་བ་ཕྱེ་སྟེ་ ཆོས་པའི་ཚུལ་བཟུང་མི་ཚུ་ བཙག་འཐུ་ནང་ བཅའ་མར་གཏོགས་བཅུག་པ་ཅིན་ མི་མང་ཤོས་ཅིག་གིས་ དམངས་གཙོའི་བྱ་རིམ་ལུ་ ལྷན་ཐབས་འབད་ཚུགསཔ་འོང་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment