གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨན་མ་ལང་པའི་དཀའ་ངལ་ ཤུལ་མའི་ཟླཝ་ནང་ སེལ་ནིའི་ཁས་ལེན།


བསྟན་འཛིན་རྣམ་རྒྱལ།

༉ འདས་པའི་ལོ་༢ ཀྱི་ ནང་འཁོད་ལུ་ སྨན་རིགས་ལངམ་སྦེ་ ནང་འདྲེན་འབད་མ་ཚུགས་མི་དེ་ སྨན་མཁོ་སྒྲུབ་ཀྱི་ མ་དངུལ་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གསོག་འཇོག་གི་ ཐབས་ཤེས་བཏོན་མི་ལུ་བརྟེན་ཨིན་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༡ དང་༢༠༡༢ ནང་ ལྷན་ཁག་གིས་ དངུལ་ཀྲམ་ས་ཡ་༡༩ གསོག་འཇོག་འབད་ཡོདཔ་ཨིན་པས།

ད་རེས་ནངས་པ་ རྒྱལ་ཁབ་ནང་ སྨན་མ་ལང་པའི་ དཀའ་ངལ་སྦོམ་ཐོན་མི་ལུ་བརྟེན་ གསོ་བའི་འགོ་དཔོན་ཚུ་གིས་ ད་ལས་ཕར་ གསོག་འཇོག་མ་འབད་བར་ སྨན་ག་དེམ་ཅིག་ མཁོ་སྒྲུབ་འབད་ཚུགས་ཚུགས་ འབད་ནི་སྦེ་ ཐག་བཅད་ཡོདཔ་ད་གནད་དོན་དེ་གི་ཐོག་ལུ་ གསོ་བའི་འགོ་དཔོན་དང་ སྨན་བཀྲམ་སྤེལ་བ་ཚུ་གི་བར་ན་ ཞལ་འཛོམས་ཐེངས་ལེ་ཤ་ཅིག་ འཚོགས་པའི་ཤུལ་ལས་ དཀའ་ངལ་སེལ་ནིའི་ ཐབས་ཤེས་བཏོན་ཏེ་ སྙན་ཞུ་༣ དེ་ཅིག་ བློན་ཆེན་མཆོག་ལུ་ ཕུལ་ཡོདཔ་བཞིན་དུ་ མཐའ་མཇུག་གི་ སྙན་ཞུ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ གསལ་བཤད་ཕུལ་ཡི།
བློན་ཆེན་གྱིས་ སྙན་ཞུ་༢ ལུ་ ངོས་ལེན་མཛད་མ་བཏུབ་མི་དེ་ཡང་ སྨན་མ་ལང་པའི་ དཀའ་ངལ་སེལ་ནི་གི་ གྲོས་འཆར་ཚུ་  གསལ་ཏོག་ཏོ་མེདཔ་ལས་ བསྐྱར་ཞིབ་འབད་དགོཔ་སྦེ་ བཀའ་གནང་མི་ལུ་བརྟེན་ སྙན་ཞུ་༣ པ་དེ་ ལོག་བཟོ་སྟེ་ ཕུལ་ཡོདཔ་ཨིན་པས།
སྙན་ཞུ་ནང་ སྨན་ནང་འདྲེན་འབད་ནི་གི་ འཆར་གཞི་དང་ ལཱ་འབད་ནིའི་ གོ་རིམ་ཚུ་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ གཙོ་བསྟེན་སྨན་ཁང་༣ གྱིས་ དངུལ་ཀྲམ་༡༠༠,༠༠༠ གནས་པའི་ སྨན་རིགས་ཚུ་ ནང་འདྲེན་འབད་ནི་ཨིནམ་མ་ཚད་ སྨན་གྱི་ཁྱབ་ཚད་ བརྒྱ་ཆ་༩༠ ཡོདཔ་སྦེ་ བཟོ་ནི་ཨིན་པའི་སྐོར་ གསལ་བཀོད་འབད་མི་ལུ་ བློན་ཆེན་གྱིས་ གསོ་བའི་ཞབས་ཏོག་དེ་ ཉིན་ནུབ་མེད་པར་ བརྒྱ་ཆ་ཧྲིལ་བུ་ བྱིན་ཚུགསཔ་འབད་དགོ་ཟེར་ གསུངས་གནང་ཡི།
དཀའ་ངལ་སེལ་ནི་གི་ ཐབས་ཤེས་ཡོད་རུང་ སྣང་མེད་སྦེ་ བཞག་པ་ཅིན་ སེམས་བག་གཡེང་གི་ ཉེས་ཁྲིམས་ཕོག་འོང་ཟེར་ བློན་ཆེན་མཆོག་གིས་ གསོ་བའི་འགོ་དཔོན་ཚུ་ལུ་ དྲན་གསལ་གནང་ཡོདཔ་ད་ གསོ་བའི་ལྷན་ཁག་གིས་ སྨན་མ་ལང་པའི་ དཀའ་ངལ་དེ་ སྤྱི་ཟླ་༤ པའི་ཚེས་༡༥ གི་ནང་འཁོད་ལུ་ སེལ་ནི་དང་ ཉེར་མཁོའི་སྨན་རིགས་༣༩༩ ཐོབ་ཚུགསཔ་འབད་ནི་གི་ ཁས་བླངས་ཕུལ་ཡི།
གསོ་བའི་འགོ་དཔོན་དང་ རྒྱ་གར་གྱི་ སྨན་བཀྲམ་སྤེལ་བ་ཚུ་གི་བར་ན་ གྲོས་བསྡུར་འབད་བའི་སྐབས་ བཀྲམ་སྤེལ་བ་ཚུ་གིས་ སྨན་དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགས་པའི་ ཉེས་བྱ་དེ་གིས་ ལཱ་འབད་ནི་ལུ་ སེམས་ཤུགས་ཉམས་བཅུགཔ་མས་ཟེར་ཨིནམ་ད་ དེ་ཡང་ རིན་གོང་དངུལ་ཀྲམ་༤,༠༠༠ གནས་མི་སྨན་དེ་ དུས་ཚོད་ཁར་ བཀྲམ་སྤེལ་འབད་མ་ཚུགས་པའི་ ཉེས་ཆད་ དངུལ་ཀྲམ་ས་ཡ་༡.༧ བཀལ་བའི་སྐབས་ གྱོང་རྒུད་སྦོམ་ཕོག་ཅི་ཟེར་ཨིན་པས།
དེ་མ་ཚད་ སྟབས་གཅིག་ལུ་ སྨན་ཚངམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་པའི་ཉེས་ཆད་ སྨན་གྱི་རིན་གོང་ལས་ བརྒྱ་ཆ་༡༠ བཀལ་མི་དེ་ལུ་ ཁེ་རྒུད་མི་བཏུབ་པས་ཟེར་ སླབ་ཡོདཔ་བཞིན་དུ་ ལམ་ལུགས་ཚུ་ བསྐྱར་ཞིབ་འབད་ནི་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

No comments:

Post a Comment