གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་རིམ་ཅན་གྱི་ མི་ངོ་ཚུ་ལུ་ ཧ་ལམ་ དྲི་ཞིབ་འབད་ཚར་ཡོདཔ།


སྐུ་འཁོར་༥ དང་ སྐྱབས་རྗེ་རྗེ་མཁན་མཆོག་ལུ་ དྲི་བ་ཞུ་ནིའི་དོན་ལས་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་ཨིན་པས།

རིག་འཛིན་དབང་ཕྱུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མོང་སྒར་རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུ་ ཚུལ་མིན་གྱི་སྒོ་ལས་ བགོ་བཀྲམ་འབད་མིའི་ནང་ ཁེ་ཕན་ཐོབ་མི་ ཆེ་འབྲིང་ཆུང་གསུམ་ཚུ་ལུ་ དྲི་ཞིབ་འབད་ཚར་ཡོདཔ་ལས་ ད་ལྟོ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ མི་དབང་སྐུ་འཁོར་༥ ལུ་ དྲི་བ་ཞུ་ནིའི་དོན་ལས་ ཐབས་ལམ་ཚུ་ བཏོན་པའི་བསྒང་ཡོད་པའི་ ལོ་རྒྱུས་གོཝ་ཨིན་པས།

ད་ཚུན་གྱི་བར་ན་ རྒྱལ་པོའི་ཞིང་ལུ་ ཁྲོམ་ས་དང་ སྡོད་གནས་ས་ཁོངས་ལས་ ཁྱིམ་ས་ཐོབ་མི་ཚུ་ལུ་ དྲི་ཞིབ་འབད་ཚར་བའི་ཤུལ་ལུ་ ཆེ་རིམ་ཅན་ཚུ་གི་གྲས་ལས་ བློན་ཆེན་དང་ ཚོགས་དཔོན་ ཞབས་ཏོག་བློན་པོ་ དེ་ལས་ བློན་པོ་བགྲེསཔ་ཅིག་ལུ་ ས་ཆ་བཞེས་དགོ་པའི་ གནད་དོན་དང་ ག་དེ་སྦེ་ མཁོ་སྒྲུབ་གནང་ཡོདཔ་ཨིན་ན་ལ་སོགས་པའི་ དྲི་བ་ཚུ་ ཞུ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་ཁྲོམ་གྱི་ཕྱི་ཁར་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ ཆུ་རྫིང་ས་ཁོངས་ཀྱི་ གཡས་ཁ་ཐུག་ལུ་ཡོད་མི་ ཧེ་མའི་གཞུང་ས་དེ་ ད་རེས་ནངས་པ་ ཆེ་རིམ་ཅན་གྱི་ མི་ངོ་༩ འི་ མཚན་ཐོ་ཁར་ ས་ཆ་ཨེ་ཀར་༨.༡༠ དེ་ཅིག་ཡོདཔ་ད་ ས་ཆ་དེ་ འོང་འབབ་ཆེ་བའི་ ས་ཆ་སྦེ་ དབྱེ་ཁག་ཕྱེ་ཡོདཔ་བཞིན་དུ་ གཞུང་ས་དེ་ནང་ལས་ ས་ཆ་ཌིསི་༥༠ ལས་ ཨེ་ཀར་༢ ཚུན་ བགོ་སྤྲོད་འབད་ཡོད་མིའི་གྲངས་སུ་ ད་ལྟོའི་སྐུ་འཁོར་༥ དང་ རྗེ་མཁན་པོ་ བློན་ཆེན་ ཞབས་ཏོག་བློན་པོ་ དེ་ལས་ བརྒྱུད་འབྲེལ་བློན་པོ་བགྲེསཔ་གི་ བུམོ་༡ ལུ་ ས་ཆ་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༥ རེ་འབདཝ་ད་ ཌིསི་རེ་ལུ་ དངུལ་ཀྲམ་༢,༡༧༨ རེ་སྦེ་ ཕུལ་ཡོདཔ་ཨིན་པས།
ཞིབ་དཔྱད་དང་ དྲི་ཞིབ་ཀྱི་སྐབས་ལུ་ བློན་ཆེན་དང་ བློན་པོ་ དེ་ལས་ སྤྱིར་བཏང་ཁེ་ཕན་ཐོབ་མི་ཚུ་གིས་ མཉམ་འབྲེལ་དང་ རྒྱབ་སྐྱོར་མ་བཏུབ་བཏུབ་སྦེ་ གནང་ཡི་ཟེར་ ངན་ལྷད་ཞིབ་དཔྱོདཔ་ཚུ་གིས་ བཤདཔ་ཨིན་པས།
སྐུ་འཁོར་༥ དང་ སྐྱབས་རྗེ་རྗེ་མཁན་མཆོག་གི་ཐད་ལུ་ ད་ལྟོ་ དྲི་བ་ཞུ་ནི་གི་ གནས་ཚད་ནང་ མ་ལྷོད་རུང་ ཞིབ་དཔྱད་དེ་ གང་མགྱོགས་མཇུག་བསྡུ་ནིའི་དོན་ལུ་ དྲི་བ་ཞུ་ནིའི་ ཐབས་ལམ་ཚུ་ གྲ་སྒྲིག་འབད་དོ་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༩ པའི་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་གྱི་ བྱ་རིམ་ལུ་ ཞིབ་དཔྱད་རྐྱབ་དགོ་པའི་ ཞུ་བ་འབད་བའི་ཞུལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ད་ ཀུན་གསལ་གྱིས་ཐོབ་མི་ ཐོ་དང་འཁྲིལཝ་ད་ ཁྲོམ་གྱི་ཕྱི་ཁར་ ཆེ་རིམ་ཅན་གྱི་ མི་ངོ་༩ གིས་ གཞུང་ས་ཨེ་ཀར་༨.༡༠ འཆང་ཡོད་མི་མ་བརྩིས་བར་ རྒྱལ་པོའི་ཞིང་ཁྲོམ་ལས་ མི་གྲངས་༡༠༣ དེ་ཅིག་ལུ་ ཁྱིམ་ས་བགོ་སྤྲོད་འབད་ཡོདཔ་མ་ཚད་ ཚོང་འབྲེལ་ས་ཁོངས་ལས་ ཁྱིམ་ས་འཆང་མི་༤༦ དང་ སྡོད་གནས་ས་ཁོངས་ལས་ མི་༤༨ འདུག།
རྒྱལ་པོའི་ཞིང་གི་ ཁྲོམ་ས་དེ་ དབྱེ་སྡེ་ཁག་གསུམ་ལུ་ དབྱེ་ཡོདཔ་ད་ ཁྲོམ་སྡེ་དང་ སྡོད་གནས་ས་ཁོངས་ཀྱི་ ཁྱིམ་ས་ཚུ་ནང་ ས་ཆ་ཨེ་ཀར་བསྡོམས་༤༢.༧༢ ཡོད་མི་ཚུ་ མང་ཤོས་ར་ འབྲས་སྤུངས་རྒེད་འོག་གི་ མི་སེར་ཞིང་པ་ཚུ་ལས་ མཁོ་སྒྲུབ་འབད་ཡོདཔ་མ་ཚད་ ས་ཆ་ཆ་ཤས་ཅིག་ མོང་སྒར་རྒེད་འོག་གི་ མི་སེར་ཚུ་གི་ སྒེར་དབང་ས་ཆ་ཨིནམ་ད་ རྒྱལ་པོའི་ཞིང་ཁྲོམ་ཁར་ ད་ལྟོའི་བར་ན་ཡང་ ཁྱིམ་ས་བགོ་སྤྲོད་མ་འབད་བར་ ཞིང་སྟོངམ་སྦེ་ ལུས་ཡོད་མི་ ཨེ་ཀར་༣ དེ་ཅིག་ཡོདཔ་ཨིན་པས།
ཞིབ་དཔྱད་འགོ་བཙུགས་པའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཚོང་འབྲེལ་ས་ཁོངས་དང་ སྡོད་གནས་ས་ཁོངས་གཉིས་ཆ་རའི་ནང་ བགོ་སྤྲོད་འབད་མི་ ཁྱིམ་ས་ཚུ་ ཚད་གཞི་ཅོག་འཐདཔ་མེད་མི་དེ་ཡང་ ཚོང་འབྲེལ་ས་ཁོངས་ནང་ ཚད་གཞི་དེ་ ཁྱིམ་ས་ཌིསི་༧.༢༦ དེ་ཅིག་ཨིན་རུང་ ངོ་ཤེས་འདྲིས་ཤེས་དང་ རྒྱུ་སྟོབས་ཡོད་མི་ཚུ་ལུ་ ས་ཌིསི་༡༤.༥༧ ཚུན་ བགོ་སྤྲོད་འབད་ཡོདཔ་མ་ཚད་ སྡོད་གནས་ས་ཁོངས་ནང་ ཁྱིམ་ས་ཌིསི་༡༠.༦༧ རེ་བགོ་བཀྲམ་འབད་ཡོད་རུང་ ལ་ལུ་ཅིག་གིས་ ས་ཆ་ཌིསི་༥༠ འཆང་སྟེ་ཡོདཔ་ཨིན་པས།
རྒྱལ་པོའི་ཞིང་གི་ ཁྲོམ་ས་ཚུ་ སྤྱི་ལོ་༢༠༠༡-༠༢ ལུ་ ད་ལྟོའི་ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་དེ་ མོང་སྒར་རྫོང་བདག་སྦེ་ བཞུགས་པའི་སྐབས་ལུ་ བགོ་སྤྲོད་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment