གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་མཐོ་ཁྲིམས་འདུན་གྱིས་ ངོ་ལོག་དང་འབྲེལ་བའི་ བཙོན་ཁྲིམས་ལོ་༡༥ བཀལ་མིའི་ འཁྲུན་ཆོད་ལུ་གཞི་འཛིན།


རྩོད་ཟླ་དེ་ ཆེ་མཐོ་གྲངས་མང་ཁྲིམས་ཁྲིའི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགསཔ་ལས་ རེས་གཟའ་མིག་དམར་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་ཨིན་པས།
བཀྲིས་ཕུན་ཚོགས།

༉ འབྲུག་རྒྱལ་ཁབ་ཀྱི་ བསྟན་སྲིད་དང་ ཞི་བདེ་ལུ་ ངོ་རྒོལ་འབད་མི་ཚུ་དང་ འབྲེལ་བ་འཐབ་པའི་ ཉེས་འཛུགས་ལུ་བརྟེན་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ སྐྱེས་ལོ་༤༨ ལང་མི་ མི་སྡེའི་ལས་བྱེདཔ་བགྲེསཔ་ཅིག་ལུ་ བཙོན་ཁྲིམས་ལོ་ངོ་༡༥ བཀལ་ནུག།

དེ་ཡང་ གྲངས་མང་ཁྲིམས་ཁྲི་གིས་ ཁྲིམས་ཁྲི་༢ པ་དང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་གནང་མི་ གྲོས་ཆོད་ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ བསྟར་སྤྱོད་འབད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༢༡ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཕུན་ཚོགས་གླིང་ ཕ་ཇོ་སྡིང་འབྲིང་རིམ་སློབ་གྲྭ་འོག་མའི་ དབུ་འཛིན་བགྲེསཔ་དང་ མི་སྡེ་ལས་ཚོགས་ཅིག་ནང་ ལཱ་འབད་མི་ བདེ་ཆེན་དབང་མོ་གིས་ རྒྱལ་ཁབ་བསྟན་སྲིད་ཀྱི་དགྲ་མོ་ཚུ་དང་མཉམ་ མཐུན་འབྲེལ་འཐབ་ཡོདཔ་ངེས་བདེན་ཨིན་པའི་ ཁྲིམས་འདུན་ལུ་ ཐེ་ཚོམ་དང་གྲོལ་བའི་ ཉེར་མཁོའི་མངོན་རྟགས་ཡོངས་སུ་རྫོགས་པར་ སྟོན་གྲུབ་མི་ལུ་བརྟེན་ ཆུ་ཁ་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ཆ་ཤས་བསྒྱུར་བཅོས་འབད་ནུག།
ཁྲིམས་སྲུང་འགག་པ་གིས་ ཉེས་འཛུགས་ཅན་ བདེ་ཆེནདབང་མོ་དེ་ སྤྱི་ལོ་༢༠༠༩ ཟླ་༡༠ པའི་ཚེས་༡༩ ལུ་ འཛིན་བཟུང་འབད་དེ་ རྒྱལ་ཁབ་ཀྱི་ ངོ་ལོགཔ་ཚུ་ལུ་ རྒྱབ་སྐྱོར་དང་ གཡོ་སྒྱུ་ལག་ལེན་འཐབ་པའི་ ཉེས་འཛུགས་འབད་མི་དང་འཁྲིལ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༢༠༡༠ ཟླ་༡༢ པའི་ཚེས་༢༨ ལུ་ རྩོད་ཟླ་ལུ་ ངོ་ལོགཔ་ཚུ་དང་ མཉམ་འབྲེལ་འབད་ཡོད་པའི་ཉེས་ཁྲིམས་ ལོ་ངོ་༡༥ བཀལ་ཡོད་རུང་ གཡོ་སྒྱུའི་ཉེས་འཛུགས་དེ་ ཕྱིར་འབུད་བཏང་ཡོདཔ་ཨིན་པས།
དེ་འབདཝ་ད་ བདེ་ཆེན་དབང་མོ་དེ་ གྲོས་ཆོད་དེ་ལུ་ བསམ་པ་མ་རྫོགས་པར་ རྫོང་ཁག་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་བའི་ཤུལ་ལུ་ ཁྲིམས་འདུན་ལས་ མཐོ་གཏུགས་པ་གིས་ རྒྱལ་ཁབ་མགོ་མཇུག་སློག་ཐབས་ལུ་དམིགས་ཏེ་ དྲག་ཤུགས་དབང་བཙན་གྱི་དོན་ལུ་ གས་རྫས་སམ་ མེ་རྫས་ཀྱི་གོ་མཚོན་ སྲོག་ཉེན་གྱི་ མཚོན་ཆ་ལག་ལེན་དང་ མ་དངུལ་བྱིན་པའམ་ འཆར་གཞི་བརྩམས་པ་ དེ་ལས་ བཅའ་སྒྲིག་གི་དོན་ལུ་གཏོགས་པ་སོགས་ ག་ནི་ཡང་མེདཔ་ལས་ ངོ་ལོག་པའི་ ཉེས་ཁྲིམས་སྨིན་དགོཔ་མེད་མི་ལུ་བརྟེན་ ཁྲིམས་འདུན་འོག་མའི་ འཁྲུན་ཆོད་ཧྲིལ་པོར་ བསྒྱུར་བཅོས་ཐོག་ ཕྱིར་འབུད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་གྱིས་ ཆ་མེད་བཏང་མི་ གཡོ་སྒྱུའི་ཉེས་འཛུགས་ལུ་ གཞི་བཞག་སྟེ་ བཙོན་ཁྲིམས་ལོ་༦ བཀལ་ནུག།
ཨིན་རུང་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡༢ ལུ་གནང་མི་ རྫོང་ཁག་གི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་བའི་ཤུལ་ལུ་ ཁྲིམས་ཁྲི་༢ པ་གིས་ དབྱེ་ཞིབ་མཛད་དེ་ དྲུང་ཁག་ཁྲིམས་འདུན་དེ་ བསྟར་སྤྱོད་འབད་དགོཔ་སྦེ་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༡༦ ལུ་འཁྲུན་ཆོད་བཏོན་པའི་ཤུལ་ལུ་ ད་རུང་ རྩོད་ཟླ་གིས་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
བདེ་ཆེན་དབང་མོའི་རྒྱབ་མི་ ཆོས་གྲགས་ཀྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཆུ་ཁ་ཁྲིམས་འདུན་གྱིས་ ངོ་ལོག་གི ཉེས་འཛུགས་ཕྱིར་འབུད་བཏང་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་ལས་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་མི་ལུ་ བསམ་པ་མ་རྫོགསཔ་ལས་ རེས་གཟའ་མིག་དམར་ལུ་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་ཟེར་ཨིན་པས།
རྒྱབ་མི་དེ་གིས་ གྲངས་མང་ཁྲིམས་ཀྱི་འདུན་སར་ བཤེར་ལན་དང་ བརྒལ་ལན་ཕུལ་བའི་ནང་གསལ་ དྲུང་ཁག་ཁྲིམས་འདུནནང་ དྲང་དཔོན་༡ གིས་ སྙན་གསན་མཛད་པའི་ཤུལ་ལུ་ འཁྲུན་ཆོད་དེ་ དྲང་དཔོན་སོ་སོ་གིས་ གནང་ཡི་ཟེར་ཨིནམ་ད་ དྲང་དཔོན་གསརཔ་གིས་ རྩོད་ཟླ་བདེ་ཆེན་དབང་མོ་དང་ རྩོད་དཔོན་ཡོངས་ཁྱབ་ངོ་ཚབ་ཀྱིས་ཕུལ་བའི་ བཤེར་ལན་དང་ བརྒལ་ལན་ སྒྲུབ་བྱེད་སོགས་གང་ཡང་ ཞིབ་དཔྱད་མཐིལ་ཕྱིན་མ་མཛད་པར་ སྙན་གསན་ཐེངས་གཉིས་དེ་ཅིག་མཛདཔ་ཅིག་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་མི་དེ་ཡང་ རྒྱལ་ཁབ་ཀྱི་ བསྟན་སྲིད་ཀྱི་དགྲ་བོ་ཨིནམ་ཤེས་བཞིན་དུ་ མི་ངོམ་དེ་ཚུ་དང་ གྲལ་ཁར་གཏོགས་གཏོགསཔ་མེདཔ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཡིག་ཆ་དང་ སྒྲུབ་བྱེད་ག་ཅི་ལུ་གཞི་བཞག་སྟེ་ མཐོ་གཏུགས་ཞུཝ་ཨིན་ན་ ཡང་ཅིན་ སྒྲུབ་བྱེད་ཚུ་ཡང་ ཕུལ་ནི་མེདཔ་ལས་ ཆུ་ག་རྫོང་ཁག་ཁྲིམས་འདུན་ལས་གནང་མི་ འཁྲུན་ཆོད་ལུ་ ཆ་གནས་མཛད་གནང་ཟེར་ ཞུ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ངོ་ཚབ་ཀྱིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ བདེ་ཆེན་དབང་མོ་གིས་ རྒྱལ་ཁབ་ཀྱི་ངོ་ལོགཔ་ ནེ་པཱལ་ལུ་ཡོད་པའི་ འབྲུག་ཀོང་གེ་རེསི་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ ན་རཱད་མ་ནི་ ཨ་དི་ཀ་རི་དང་ དགེ་ལེགས་ཕུག་ཏཱ་ཏོ་པ་ནི་ལས་ ད་ལྟོ་ རྒྱ་གར་གྱི་ ཤ་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ སྐྱབས་བཅོལ་པ་སྦེ་ ཐོ་བཀོད་འབད་ཡོད་མི་ མཱན་བྷ་དུར་གུ་རུང་ དེ་ལས་ བསོད་ནམས་ཆོས་སྒྲོན་དང་ ནི་ལམ་ར་ན་ བླམ་འཇིགས་མེད་ཚུ་ལུ་ རྒྱུ་སྦུང་གི་ གྲོགས་རམ་འབད་ཡོདཔ་མ་ཚད་ ངོ་ལོགཔ་ཚུ་དང་མཉམ་ གློག་རིག་ཡོངས་འབྲེལ་ཐོག་ འབྲེལ་བ་འཐབ་པའི་གུ་ མི་ངོམ་ཚུ་དང་ དངོས་སུ་ཕྱད་དེ་ འབྲེལ་བ་འཐབ་ནུག་ཟེར་ཨིན་པས།
ད་རུང་ ཁྲིམས་ལས་དཔྱདཔ་ད་ རྩོད་ཟླ་གིས་ མཱན་བྷ་དུར་གུ་རུང་དང་ གྲོས་བསྟུན་ཐོག་ མོ་གི་བུ་དེ་ སྐྱབས་བཅོལ་པའི་ བུམོ་དང་མཉམ་ གཉེན་སྦྱོར་རྫུན་མ་བཟོ་ནིའི་དོན་ལུ་ དངུལ་ཀྲམ་༥༠,༠༠༠ སྤྲོད་ནི་དང་ ཡུ་ཨེསི་ཨེ་རྒྱལ་ཁབ་ནང་ འགྱོ་ནི་གི་ སྐྱོད་ཐམ་ཐོབ་པའི་ཤུལ་ལུ་ དངུལ་ཀྲམ་༢༠,༠༠༠ སྤྲོད་ནི་གི་ མོས་མཐུན་བཟོ་ཡོདཔ་ མངོན་རྟགས་བྱུང་ཡོད་པའི་གནས་ཚུལ།

No comments:

Post a Comment