གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་དབང་དམག་འཁྲུག་ལས་ རྒྱལ་ཁ་ཐོབ་པའི་ གཟེངས་བསྟོད་རྟགས་མ།


སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་གིས་ བང་ལ་དེཤ་གི་སྲིན་བློན་
 ཤེག་ཧ་སི་ན་དང་ སྲིད་འཛིན་ཛི་ལུར་རཱ་མཱན་རྣམ་གཉིས་ལས་
 གཟེངས་བསྟོད་རྟགས་མ་ཞུ་བའི་བསྒང་།

ཁ་ཙ་ རྒྱལ་ས་ཌ་ཀ་ལུ་ བང་ལ་དེཤ་གི་ སྲིད་འཛིན་དང་ སྲིད་བློན་རྣམ་གཉིས་ ལྷན་བཞུགས་ཐོག་ལས་ གཟེངས་བསྟོད་ཀྱི་ རྟེན་འབྲེལ་བརྩི་སྲུང་ཞུ་སར་ འབྲུག་རྒྱལ་གསུམ་པ་ མི་དབང་ཞིང་གཤེགས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ལུ་ བང་ལ་དེཤ་རང་དབང་དམག་འཁྲུག་ལས་ རྒྱལ་ཁ་ཐོབ་པའི་ གཟེངས་བསྟོད་རྟགས་མ་ཕུལ་ཡོདཔ་ད་ དེ་ཡང་ སྤྱི་ལོ་༡༩༧༡ ལུ་རྐྱབ་མི་ བང་ལ་དེཤ་གི་ རང་དབང་དམག་འཁྲུག་ནང་ འབྲུག་གིས་ ལྷན་ཐབས་འབད་བའི་ ངོས་འཛིན་ལུ་ཨིན་པས།

གཟེངས་བསྟོད་རྟགས་མ་ཐོབ་མི་༨ ཀྱི་གྲས་ལས་ གཅིག་ མི་དབང་ཞིང་གཤེགས་དམ་པ་མཆོག་ཨིནམ་ད་ གཞན་ཡང་ འཛམ་གླིང་ནང་འཁོད་ལས་ མི་ངོ་༧༥ ལུ་ རང་དབང་དམག་འཁྲུག་ནང་ ཆ་རོགས་འབད་བའི་ ངོས་འཛིན་གྱི་ གཟེངས་བསྟོད་རྟགས་མ་ཚུ་ཡང་ བྱིན་ཡོདཔ་ཨིན་པས།
གཟེངས་བསྟོད་རྟགས་མ་ཕུལ་བའི་ རྟེན་འབྲེལ་བརྩི་སྲུང་སྐབས་ བང་ལ་དེཤ་གི་སྲིད་བློན་ ཤེག་ཧ་སི་ན་གིས་ འཛམ་གླིང་ནང་འཁོད་ལས་ ང་བཅས་ཀྱི་ ཆ་རོགས་ཚུ་ལུ་ དོན་དང་ལྡན་པའི་ ཆ་རོགས་འབད་མི་ཚུ་ ད་རིས་ བང་ལ་དེཤ་རྒྱལ་ཁབ་ཀྱིས་ ངོས་འཛིན་འབད་ནི་གི་ ལས་རིམ་ཅིག་ འགོ་འདྲེན་འཐབ་ཚུགསཔ་ལས་ སེམས་དགའ་ཡི་ཟེར་ གསུངས་པའི་ཁར་ ཁོང་ལུ་ གཟེངས་བསྟོད་གནང་ཐོག་ལས་ ང་བཅས་ཀྱི་ འདྲ་མཉམ་དང་ དམངས་གཙོའི་རིང་ལུགས་ དམངས་གཙོ་དང་འབྲེལ་བའི་ལག་ལེན་ དེ་ལས་ མི་སྡེའི་དྲང་བདེན་དང་ ཁྲིམས་ཀྱི་རིང་ལུགས་ཚུ་གི་ གཞི་རྩ་ཚུ་ལུ་ ང་བཅས་ལས་ བློ་གཏད་ཡིད་ཆེས་ཡོད་པའི་ ཁས་བླངས་ཡང་བསྐྱར་འབདཝ་བཞིན་དུ་ ཐོབ་དབང་དང་ གུས་ཞབས་ དེ་ལས་ བརྩི་མཐོང་ཚུ་གི་དོན་ལུ་ དམག་རྐྱབ་མི་ རྒྱལ་ཁབ་ལུ་ གཅིག་སྒྲིལ་འབད་མི་ མཉམ་རོགས་ཚུ་ལུ་ ང་བཅས་ལས་ གུས་ཞབས་ཡོད་པའི་ ངོས་འཛིན་ལུ་ གཟེངས་བསྟོད་ཕུལཝ་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
གཟེངས་བསྟོད་རྟགས་མ་དེ་ མི་དབང་ཞིང་གཤེགས་མཆོག་གི་ སྐུ་ཚབ་ལུ་ སྐུར་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་གིས་ཞུ་ཡོདཔ་ཨིན་པས།
སྤྱི་ལོ་༡༩༧༡ ལུ་ བང་ལ་དེཤ་གིས་ རང་དབང་རང་བཙན་དགོ་ནིའི་ལུ་ རྨ་བཏོན་ཁྲག་བཏོན་ཐོག་ དམག་རྐྱབ་སྟེ་ རྒྱལ་ཁ་ཐོབ་པའི་ཤུལ་ལུ་ རང་དབང་རྒྱལ་ཁབ་སྦེ་ ངོས་འཛིན་འབད་མི་ རྒྱ་གར་གྱི་ཤུལ་ལས་ འབྲུག་འདི་ རྒྱལ་ཁབ་དང་པ་ཨིནམ་ད་ དེ་དང་གཅིག་ཁར་ རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་གྱི་ གཞི་འགྱམ་སྒྲིང་སྒྲིང་བཙུགས་ཡོདཔ་ཨིན་པས།
འབྲུག་གིས་ སྤྱི་ལོ་༡༩༧༣ ལུ་ བང་ལ་དེཤ་དང་གཅིག་ཁར་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་འགོ་བཙུགས་མི་དེ་ རྒྱལ་ཁབ་༢ པ་ཨིནམ་བཞིན་དུ་ དེ་ལས་ཚུར་ རྒྱལ་ཁབ་གཉིས་ཀྱི་བར་ན་ ལས་དོན་མང་རབས་ཅིག་ནང་ མཉམ་འབྲེལ་གོང་འཕེལ་སོང་ཡོདཔ་ཨིན་པས།
འདས་པའི་ལོ་ངོ་དག་པ་ཅིག་གི་རང་ལུ་ གཞུང་གི་ཆེ་མཐོའི་གནས་རིམ་ནང་ ཕན་ཚུན་གཟིགས་སྐོར་བརྗེ་སོར་གནང་ཐོག་ལས་ རྒྱལ་ཁབ་གཉིས་ཀྱི་ ཟུང་ཕྱོགས་མཐུན་འབྲེལ་ཚུ་གི་ གནས་ཚད་གསརཔ་ཅིག་ནང་ ལྷོད་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༡ ཟླཝ་༣ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བང་ལ་དེཤ་ལུ་ རྒྱལ་ཁབ་རང་དབང་ཉིནམ་ཐེངས་༤༠ པ་བརྩི་སྲུང་གི་དོན་ལུ་ དམིགས་བསལ་གྱི་ སྐུ་མགྲོན་སྦེ་ བྱོན་གནང་ཡོདཔ་མ་ཚད་ དེ་གི་ཧེ་མར་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་ ལྷོ་ཨེ་ཤི་ཡ་ ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་ ཁྲི་འཛིན་གྱི་ གོ་གནས་ཐོག་ལུ་ རྒྱལ་ཁམས་ཀྱི་ གཟིགས་སྐོར་ནང་ བྱོན་ཡོདཔ་ཨིན་པས།
བང་ལ་དེཤ་གི་སྲིད་བློན་ ཤེག་ཧ་སི་ན་དེ་ སྤྱི་ལོ་༢༠༠༩ ལུ་ སྲིད་བློན་གྱི་ གནས་ཡུན་གཉིས་པ་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ མོ་གི་ རྒྱལ་ཁམས་ཀྱི་ གཟིགས་སྐོར་དོན་ལུ་ འབྲུག་འདི་ རྒྱལ་ཁབ་དང་པ་སྦེ་ གདམ་ཁ་རྐྱབ་གནང་ཐོག་ལས་ འབྲུག་དང་བང་ལ་དེཤ་གི་ མཐུན་འབྲེལ་ནང་ རྒྱལ་རབས་ཅིག་ བཟོ་གནང་ཡོད་པའི་གནས་ཚུལ།

No comments:

Post a Comment