གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ལུ་ཡང་ རུ་པི་སོར་མི་ཚུ་གིས་ ག་ཐོབ་རྐྱབ་དོ་ཡོདཔ།


རུ་པི་བརྗེ་སོར་འབད་ནིའི་དོན་ལུ་ དངུལ་ཁང་གི་ཕྱི་ཁར་སྒུག་སྡོད་མི་
ལས་མགྲོན་པ་ཚུ།

ད་རེས་ནངས་པ་ འབྲུག་གི་དངུལ་ཁང་ཚུ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་བརྗེ་སོར་འབད་ནིའི་དོན་ལུ་ ལས་མགྲོན་པ་ཚུ་གིས་ ག་ཐོབ་རྐྱབ་མི་དེ་ དགེ་ལེགས་ཕུག་ལུ་ཡང་ དབྱེ་བ་ག་ནི་ཡང་མེདཔ་སྦེ་ མཐོང་གསལ་བྱུང་དོ་ཡོདཔ་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ཟླ་༣ པའི་ཚེས་༨ ལས་ མི་ཁུངས་ངོ་སྤྲོད་ལག་ཁྱེར་བཏོན་ཐོག་ལས་ མི་རེ་གིས་ རུ་པི་༡༠,༠༠༠ རེ་ སོར་ནི་འཐོབ་ཟེར་ གསལ་བསྒྲགས་འབད་ཞིནམ་ལས་ཚུར་ དགེ་ལེགས་ཕུག་ལུ་ཡོད་མི་ འབྲུག་གི་དངུལ་ཁང་ནང་ ཉིན་བསྟར་བཞིན་དུ་ མི་བརྒྱ་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་མི་ལུ་བརྟེན་ མི་ཚུ་ དམ་འཛིན་འབད་མ་ཚུགས་པར་ ལཱ་ཁག་རྐྱབ་མས་ཟེར་ དངུལ་ཁང་གི་ ལས་གཡོགཔ་ཅིག་གིས་ སླབ་ཨིན་པས།
མི་ཚུ་གིས་ རུ་པིའི་དགོས་མཁོ་ཡོད་རུང་མེད་རུང་ ག་ར་གིས་ དངུལ་ཁང་ནང་ ཨེབ་ཐག་རྐྱབ་འོངམ་མ་ཚད་ ལ་ལུ་ཅིག་གིས་ འཐབམོ་ཡང་འཚོལ་དོ་ཡོདཔ་ལས་ ཁོང་གིས་ ཁྲིམས་སྲུང་འགག་པའི་ གྲོགས་རམ་ལེན་ཏེ་ཡོད་ཟེར་ འགོ་དཔོན་ཅིག་གིས་ བཤད་པའི་ཁར་ རུ་པི་སོར་བར་འོང་མི་ འབྲུག་གི་ལས་མགྲོན་པ་རྐྱངམ་གཅིག་མེན་པར་ ས་མཚམས་ཁྲོམ་སྡེའི་ནང་ཡོད་མི་ རྒྱ་གར་གྱི་ ཚོང་པ་ཚུ་གི་དོན་ལུ་ དངུལ་ཀྲམ་ལས་ རུ་པི་སོར་བར་ བར་འབྲེལ་པ་ཡང་ འོང་ནི་དེ་གིས་ ཧེང་སྐལ་ར་ དངུལ་ཁང་ལུ་ ཨུ་ཚུགས་བྱུངམ་མས་ཟེར་ བཤདཔ་ཨིན་པས།
ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རུ་པི་སོར་ནིའི་དོན་ལུ་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ བར་འབྲེལ་གྱི་ འཐུས་སྤྲོད་དོ་ཡོད་པའི་ ལོ་རྒྱུས་གོཝ་མས་ཟེར་ཨིན་པས།
དགེ་ལེགས་ཕུག་ལུ་སྡོད་མི་ སྐྱེས་ལོ་༥༢ ལང་མི་ ཆོས་སྒྲོན་དབངམོ་དེ་ རྒྱ་གར་ལུ་ དཔེ་ཆ་ལྷབ་མི་ མོ་རའི་བུམོ་ལུ་ རུ་པི་༥༠,༠༠༠ བསྐྱལ་ནིའི་དོན་ལུ་ འབྲུག་གི་དངུལ་ཁང་གི་གདོང་ཁར་ གྱལ་བསྣར་ཏེ་ཡོད་མིའི་ནང་ སྒུག་སྡོད་ཡོདཔ་ད་ མོ་གིས་འབད་བ་ཅིན་ རུ་པི་ལེན་ནིའི་དོན་ལུ་ དངུལ་ཁང་ནང་ བདུན་ཕྲག་རེའི་ནང་ཚར་རེ་ འོང་དགོ་པས་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ དངུལ་ཁང་ནང་ ཏི་རུ་སོར་བར་ ག་ཐོབ་རྐྱབ་སྟེ་ འོང་མི་ཚུ་ དམ་འཛིན་འབད་ནི་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment