གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།



མཐའ་བཅད་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ མདའ་རྩེདཔ་ཚུ།

བཀྲིས་ཕུན་ཚོགས།

བསམ་གྲུབ་ལྗོངས་མཁར་ མདའ་རྩེད་ཚོགས་སྡེ་གིས་ ཤར་ཕྱོགས་རྫོང་ཁག་༦ གི་དོན་ལུ་ ཕྱི་རྒྱལ་གྱི་ མདའ་གཞུའི་ཐོག་ལས་ སྤྱི་ཟླ་༣ པའི་ཚེས་༩ ལས་༢༧ ཚུན་ རྩེད་འགྲན་འབད་ཡོད་མི་དེ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་འབད་བའི་སྐབས་ ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་སྟེ་ མི་དབང་ཡབ་སྲས་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།

མཐའ་བཅད་འགྲན་བསྡུར་དེ་ཡང་ སྡེ་ཚན་༩ ལས་ རྒྱལ་ཁ་ཐོབ་མི་ ལྷུན་གྲུབ་ཨར་ཆ་རོགས་དང་ ཨཱེལ་ཇི་བཟོ་སྐྲུན་ དེ་ལས་ རྣམ་སྲས་བཟོ་སྐྲུན་སྡེ་ཚན་༣ གྱི་བར་ན་ དྲོ་པའི་ཆུ་ཚོད་ཕྱེད་དང་༨ ལས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ ཚུན་ རྩེད་འགྲན་འབད་ཡོདཔ་ཨིན་པས།
ལྟདམོ་ལྟ་མི་ བརྒྱ་ལས་བཅད་དེ་ སྤུངས་འཛོམས་འབད་མི་ཚུ་གིས་ རང་གིས་དགའ་མི་སྡེ་ཚན་ལུ་ རྒྱབ་སྐྱོར་གྱི་སྐད་རྐྱབ་པའི་ཁར་ ལགཔ་ཐལ་རྩེ་བརྡུངས་ ཞབས་ཁྲ་འཐེན་ཏེ་ སྤྲོ་བ་ཆེ་ཏོག་ཏོ་བྱུང་ཡོདཔ་བཞིན་དུ་ སྡེ་ཚན་ཚུ་གི་བར་ན་ ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ མ་ཤེས་པར་ སྡོད་པའི་བར་ན་ སྐོར་ཐེངས་༡༦ པའི་ནང་ ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་གྱིས་ སྐུགས་༣ སྦྱེལཝ་སྦྱེལ་སར་ ཆོད་ཡོདཔ་ཨིན་པས།
རྒྱལ་ཁ་ཐོབ་མི་ སྡེ་ཚན་དེ་ ལོག་རྒྱལ་ཁ་འཐོབ་ནིའི་དོན་ལུ་ ག་དེམ་ཅིག་ རྩ་འགེངས་རུང་ གཞན་སྡེ་ཚན་༢ ཀྱིས་ སྐུགས་བརྩི་མ་བཅུག་པར་ འཕྱལ་རེག་རྐྱབ་སྟེ་ གཞན་སྡེ་ཚན་༢ ལས་༡ ཡར་ཐོན་ཏེ་ རྩེད་འགྲན་འབད་སྡོད་པའི་བར་ན་ སྐོར་ཐེངས་༡༨ པའི་ནང་ ཨཱེལ་ཇི་བཟོ་སྐྲུན་གྱིས་ སྐུགས་༢ སྦྱེལཝ་སྦྱེལ་སར་ཆོད་དེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ལྷུན་གྲུབ་ ཨར་ ཆ་རོགས་ཀྱིས་ སྐུགས་དང་པ་ཆོད་པའི་སྐབས་ རྣམ་སྲས་བཟོ་སྐྲུན་གྱིས་ སྐུགས་༣ དང་ ཨཱེལ་ཇི་བཟོ་སྐྲུན་གྱིས་སྐུགས་༢ དེ་ལས་ སྐུགས་ཐེངས་༢ པ་ཆོད་པའི་སྐབས་ རྣམ་སྲས་ཀྱིས་ སྐུགས་༤ དང་ གཞན་མི་གིས་ སྐུགས་༥ ཐོབ་ཡོདཔ་བཞིན་དུ་ སྐུགས་ཐེངས་༣ པ་ཆོད་པའི་སྐབས་ རྣམ་སྲས་ཀྱིས་ སྐུགས་༢ དང་ གཞན་མི་སྡེ་ཚན་གྱིས་ སྐུགས་༣ ལས་ ཐོབ་མ་ཚུགསཔ་ཨིན་པས།
སྐོར་ཐེངས་༡༧ པའི་ནང་ ཨཱེལ་ཇི་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་དང་པ་ཆོད་པའི་སྐབས་ ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་གྱིས་ སྐུགས་༥ དང་ གཞན་མི་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༣ ཐོབ་ཡོད་རུང་ སྐུགས་ཐེངས་༢ པ་ཆོད་པའི་སྐབས་ གཞན་མི་སྡེ་ཚན་༢ ཀྱིས་ སྐུགས་༡ ཡང་ ཐོབ་མ་ཚུགསཔ་མ་ཚད་ རྣམ་སྲས་བཟོ་སྐྲུན་སྡེ་ཚན་གྱིས་ སྐུགས་ཐེངས་༡ ཡང་ ཆོད་མ་ཚུགསཔ་ཨིན་པས།
མདའ་རྩེད་ཚོགས་པའི་དྲུང་ཆེན་ ཀུན་དགའ་རྒྱལ་མཚན་གྱིས་ སླབ་མིའི་ནང་ དུས་ཅི་ མི་དབང་ཡབ་སྲས་ཟེར་བའི་ བརྗོད་དོན་ཐོག་ མདའ་རྩེད་འགྲན་བསྡུར་ འགོ་འདྲེན་འཐབ་མི་དེ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ འགོ་འདྲེན་འཐབ་ཚུགས་པའི་ཁར་ བཅའ་མར་གཏོགས་མི་དང་ རྒྱབ་སྐྱོར་འབད་མི་ཚུ་ལུ་བརྟེན་ ཡ་མཚན་ཆེ་ཏོག་ཏོ་སྦེ་ རྩེད་འགྲན་མཇུག་བསྡུ་ཚུགས་ཅི་ཟེར་ཨིན་པས།
མདའ་རྩེད་དྲུང་ཆེན་ ཀུན་དགའ་རྒྱལ་མཚན་གྱིས་ ད་རེས་ཀྱི་རྩེད་འགྲན་ལས་ ཨང་དང་པ་ཐོན་མི་ ལྷུན་གྲུབ་ཨར་ཆ་རོགས་སྡེ་ཚན་ལུ་ དངུལ་རྐྱང་གི་ གསོལ་རས་དངུལ་ཀྲམ་༡༢༠,༠༠༠ དང་ ཨང་༢ པ་ཐོན་མི་ ཨཱེལ་ཇི་བཟོ་སྐྲུན་སྡེ་ཚན་ལུ་ དངུལ་ཀྲམ་༩༠,༠༠༠ དེ་ལས་ ཨང་༣ པ་ཐོན་མི་ལུ་ དངུལ་ཀྲམ་༦༠,༠༠༠ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ དུས་ཅི་གི་ རྩེད་འགྲན་དེ་ ཨ་རྟག་དང་མ་འདྲཝ་སྦེ་ འགྲན་བསྡུར་འབད་ཡི་ཟེར་ཨིནམ་ད་ མཐའ་བཅད་འགྲན་བསྡུར་ནང་འབད་བ་ཅིན་ ཨཱེལ་ཇི་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་༥༠ དང་ ལྷུན་གྲུབ་ཨར་ ཆ་རོགས་ཀྱིས་ བཀག་རེག་༤༥ དེ་ལས་ རྣམ་སྲས་བཟོ་སྐྲུན་སྡེ་ཚན་གྱིས་ བཀག་རེག་༣༦ རྐྱབ་ཅི་ཟེར་ སླབ་ཨིན་པས།
ད་རིས་ཀྱི་ རྩེད་འགྲན་ནང་ རྩེད་འགྲན་པ་དྲག་ཤོས་དེ་ རྣམ་སྲས་བཟོ་སྐྲུན་སྡེ་ཚན་ལས་ འཕྲིན་ལས་རྒྱ་མཚོ་གིས་ བཀག་རེག་༡༢ ཕོག་སྟེ་ གསོལ་རས་ སྣུམ་འཁོར་བ་ཡེག་གཅིག་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment