གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོག་འཇོག་རྩིས་ཁྲ་འཆང་མི་ཚུ་གིས་ ཏི་རུ་ཚད་ཅིག་ལས་ བཏོན་མི་ཚུགས་ནི།


བསམ་གཏན་ཡེ་ཤེས།

སྤེན་པ་ ཟླཝ་༣ པའི་༢༣།  ཁ་ཙ་ལས་འགོ་བཙུགས་ ད་རིས་ཡིག་ཚང་གི་ དུས་ཚོད་ཚུན་ཚོད་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ཡོད་མི་ དངུལ་ཁང་ཆ་མཉམ་གྱི་ ལས་མགྲོན་པ་ཚུ་གིས་ དངུལ་ཁང་ཚུ་ནང་ལས་ ཏི་རུ་བཏོན་པ་ཅིན་ དངུལ་ཀྲམ་༥,༠༠༠ དང་བཏོན་འཕྲུལ་ནང་ལས་འབད་བ་ཅིན་ དངུལ་ཀྲམ་༡༠,༠༠༠ ལས་ལྷག་སྟེ་ བཏོན་མི་ཚུགས་ནི་ཨིན་པས།

དེ་ཡང་ ཁ་ཙ་ ཕྱི་རུ་ཁམས་ཅིག་ཁར་ འབྲུག་གི་དངུལ་ཁང་ལྟེ་བ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཀོད་བྱ་བྱིན་མི་དང་འཁྲིལ་ཨིནམ་ད་ བཀའ་རྒྱ་བཏོན་མི་དེ་ རྒྱ་གར་གྱི་ ཚོང་པ་ཚུ་གི་ལག་པར་ འབྲུག་གི་དངུལ་ཀྲམ་ཡོད་མི་ཚུ་ག་ར་ དངུལ་ཁང་ཚུ་ནང་ བཙུགས་བཅུག་པའི་ཤུལ་ལུ་ རུ་པི་བྱིན་ཞིནམ་ལས་ ཕྱི་ཁར་དངུལ་ཀྲམ་མེདཔ་བཟོ་ཐབས་ལུ་ཨིན་ཟེར་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
འབྲུག་མི་ཚུ་གིས་ དངུལ་ཀྲམ་འབོར་ཆེ་ཏོག་ཏོ་སྦེ་ བཏོན་ནི་མེདཔ་བཟོ་མི་དེ་ཡང་ ཁོང་གིས་ དངུལ་ཁང་ཚུ་ནང་ལས་ ཏི་རུ་ཚུ་ བཏོན་ཞིནམ་ལས་ རྒྱ་གར་གྱི་ ཚོང་པ་ངོ་ཤེས་མི་ཚུ་གི་ མིང་ཐོག་ཁར་ དངུལ་ཀྲམ་བཙུགས་བཅུག་སྟེ་ རུ་པི་ལེན་ནི་གི་ གོ་སྐབས་ཡོད་མི་དེ་ མེདཔ་བཟོ་ཐབས་ལུ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཟླཝ་འདི་གི་སྔ་ཆ་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཕྱི་མི་ཚུ་ འབྲུག་ལུ་ སྡོད་མི་མེན་པ་ཅིན་ དངུལ་ཁང་ཚུ་ནང་གསོག་འཇོག་རྩིས་དེབ་ བཞག་མ་ཆོག་པའི་ བཀའ་རྒྱ་བཏོན་མི་དང་འཁྲིལ་ ས་མཚམས་བདའ་སྟེ་ཡོད་མི་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ འབྲུག་ལུ་ཡོད་མི་ དངུལ་ཁང་ཚུ་ནང་ དངུལ་ཀྲམ་ཡོངས་བསྡོམས་ དུང་ཕྱུར་༢ དེ་ཅིག་གི་ རྩིས་ཁྲ་ཚུ་ ཁ་བསྡམས་ཡོདཔ་ཨིན་པས།
དངུལ་ཁང་ཅིག་གི་ འགོ་དཔོན་གྱིས་ སླབ་མིའི་ནང་ ཕྱི་མི་ཚུ་གིས་ རྩིས་ཁ་བསྡམས་ཡོདཔ་ཨིན་རུང་ ཁོང་གི་ལག་པར་ འབྲུག་གི་དངུལ་ཀྲམ་ཚུ་ ལུས་ཡོདཔ་ལས་ དེ་ཚུ་ག་ར་ འབྲུག་ནང་འཁོད་ལུ་ ལེན་ཞིནམ་ལས་ ཕྱི་ཁར་མེདཔ་བཟོ་ནི་གི་ ཐབས་ཤེས་ཨིནམ་ད་ དེ་གིས་ འབྲུག་གི་དངུལ་ཀྲམ་ཚུ་ རྒྱལ་ཁབ་ནང་འཁོད་ལས་མ་གཏོགས་ ཕྱི་ཁ་ལས་ སོར་ནི་མ་ཐོབ་བཟོ་ཚུགས་ཟེར་ཨིན་པས།
ཕྱི་མི་ཚུ་ལས་ དངུལ་ཀྲམ་ཚུ་ ག་ར་ལེན་ཞིནམ་ལས་ རུ་པི་སོར་བྱིན་ནི་ཨིན་རུང་ ནམ་བྱིན་ནི་ཨིན་ན་ དབང་འཛིན་གྱིས་ གཏན་འཁེལ་བཟོ་འོང་ཟེར་ དངུལ་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གསལ་བསྒྲགས་དང་འཁྲིལ་ དངུལ་ཁང་ཚུ་གིས་ རང་སོའི་ཡན་ལག་དངུལ་ཁང་ཚུ་ལུ་ཡང་ བརྡ་སྤྲོད་འབད་ཡོདཔ་མ་ཚད་ ཚད་འཛིན་བཟོ་མི་དེ་ ཉིནམ་༡ གི་དོན་ལུ་ཨིནམ་ལས་ ལས་མགྲོན་པ་ཚུ་ལུ་ ཚ་གྱང་ལང་དགོཔ་མེད་པའི་ཁར་ གནས་སྟངས་ཚབས་ཆེན་ག་ནི་ཡང་མེན་ཟེར་ མི་མང་ལུ་ དོགས་སེལ་འབདཝ་ཨིན་པའི་གནས་ཚུལ། 

No comments:

Post a Comment