གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་ལུ་ མེ་རྐྱེན་ཁག་༢ བྱུང་མིའི་ནང་ ཁྱིམ་༤ འཚིགས་ཡོདཔ།


སེང་སྒོར་ལུ་ ཟ་ཁང་དང་ ཆང་ཁང་ སྣ་ཚོགས་ཚོང་ཁང་༡ དང་སྦྲགས་དངུལ་རྐྱང་༡༥༠,༠༠༠ དེ་ཅིག་ འཚིགས་ཡོདཔ་ཨིན་པས།
མོང་སྒར་ལས་ ཚེ་རིང་རྣམ་རྒྱལ།

ཁ་ཙ་ མོང་སྒར་རྫོང་ཁག་ནང་  མེ་རྐྱེན་ཁག་༢ བྱུང་མིའི་ནང་ ཁྱིམ་༤ འཚིགས་སོཔ་ལས་ ཅ་ཆས་ཚུ་ ག་ཅི་ཡང་ ཐོབ་མ་ཚུགས་རུང་ མི་ལུ་ གནོད་སྐྱོད་བྱུང་པའི་ ལོ་རྒྱུས་མེདཔ་ཨིན་པས།
དེ་ཡང་ ཕྱི་རུའི་ཆུ་ཚོད་༥.༥༠ དེ་ཅིག་ཁར་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ ས་ཁོངས་ནང་ སྦ་སྒོར་༣ ཐལ་བར་བརླགས་བཏང་དཔ་ལས་ བཟའ་ཚང་༡༣ གྱི་ སྡོད་གནས་མེདཔ་བཟོ་ནུག།

མེ་དེ་ མེ་བསད་སྡེ་ཚན་གྱིས་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་གི་ཤུལ་ལུ་ བསད་ཚུགས་ཡོདཔ་ལས་ མཐའ་འཁོར་གྱི་ ཁྱིམ་ཚུ་ལུ་ མེ་ཟུན་ནི་ལས་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ད་ མེ་རྐྱེན་དེ་ཡང་ གཅིག་ཁར་འཇར་ཏེ་ ཤིང་དང་ ལྕགས་ཤོག་གིས་རྐྱབ་མི་ སྦ་སྒོར་གསུམ་ཡོད་མི་ལས་ སྦུག་ནའི་སྦ་སྒོར་ནང་ལས་ བྱུང་ཡོདཔ་ཨིན་རུང་ རྒྱུ་རྐྱེན་ག་ཅི་ལས་བརྟེན་ བྱུང་ཡོདཔ་ཨིན་ན་ ད་ལྟོ་ ཧ་གོ་མ་ཚུགས་པར་ཡོདཔ་ཨིན་པས།
བྱུང་རྐྱེན་གྱི་སྐབས་ལུ་ སྦུག་ནའི་སྦ་སྒོར་དེ་ ལྡེ་མིག་རྐྱབ་བཞག་སྟེ་ཡོདཔ་ད་ སྦ་སྒོར་འཚིགས་མི་ཚུ་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་གི་ འོང་འབབ་ཆུང་རིམ་སྡེ་ཚན་གྱི་ ལས་བྱེདཔ་ཚུ་གི་ སྡོད་གནས་ཁང་ཨིན་པས།
དེ་གི་ཧེ་མར་ ད་རུང་ ཉི་མའི་ཆུ་ཚོད་༡༢.༣༠ དེ་ཅིག་ཁར་ སེང་སྒོར་ལུ་ མེ་རྐྱེན་བྱུང་སྟེ་ ཐོག་ཚད་༣ འབད་མི་ རང་ལུགས་ཀྱི་ཁྱིམ་༡ འཚིགས་སོཔ་ལས་ ཁྱིམ་ནང་གི་ ཅ་ཆས་ག་ནི་ཡང་ སྲུང་སྐྱོབ་འབད་མ་ཚུགས་པས།
ཁྱིམ་དེ་ནང་ ཟ་ཁང་དང་སྦྲགས་ སྣ་ཚོགས་ཚོང་ཁང་དང་ ཆང་ཁང་ཡོདཔ་ད་ ཁྱིམ་གྱི་ཇོ་བདག་གིས་ སླབ་མིའི་ནང་ ཁྱིམ་གྱི་མཐའ་འཁོར་ལས་ཟུན་མི་ མེ་རྐྱེན་དེ་ནང་ རྒྱུ་ཆས་ཚུ་གིས་མ་ཚད་པར་ དངུལ་རྐྱང་༡༥༠,༠༠༠ དེ་ཅིག་དང་ ཡིག་ཆས་ཆ་མཉམ་ འཚིགས་སོ་ཡི་ཟེར་ཨིན་པས།
ཞིབ་དཔྱད་འབད་བར་སོང་མི་ ཁྲིམས་སྲུང་འགག་པའི་ སྙན་ཞུ་དང་འཁྲིལཝ་ད་ མེ་རྐྱེན་དེ་ ཉིན་མ་ཕར་ཚུར་ལམ་འགྲུལ་འབད་མི་ཚུ་གིས་ ཟ་ཁང་ནང་ ལྟོ་བཟའ་ཞིནམ་ལས་ ཏམ་ཁུ་འཐུང་པའི་ཤུལ་ལུ་ ཏམ་ཁུའི་འཚིགས་རོ་དེ་ ཁྱིམ་གྱི་རྩ་བར་ བཀོག་བཞག་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོད་རུང་ ད་ལྟོ་ འཕྲོ་མཐུད་དེ་ར་ ཞིབ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment