| བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ ཚོང་པ་ཚུ་དང་ཞལ་འདྲིས་གནང་པའི་བསྒང་། |
༉ ཕུན་ཚོགས་གླིང་ལུ་ཡོད་མི་ འབྲུག་མི་དང་ འབྲུག་མི་མིན་པའི་ ཚོང་པ་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ དངུལ་ཁང་ལྟེ་བ་གིས་ རྒྱ་གར་གྱི་ཏི་རུ་ རུ་པི་དང་འབྲེལ་བའི་ སྲིད་བྱུས་དང་ ལམ་ལུགས་གསརཔ་ ལག་ལེན་འཐབ་མི་ལུ་ བློ་ཕམ་ནི་མིན་པར་ གཞུང་གིས་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ མཛད་མི་ལུ་བལྟ་སྟེ་ ཡིད་ཆེས་རངས་བྱུང་ཡི་ཟེར་ བཤད་ཅི།
ད་རུང་ ཕུན་ཚོགས་གླིང་ཁྲོམ་ནང་ན་ཡོད་མི་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ དངུལ་ཀྲམ་ལེན་ནི་གི་ ཁས་ལེན་འབད་ཡོདཔ་ཚད་ གཞུང་གི་གྲོས་ཆོད་ལུ་ མཉམ་འབྲེལ་གང་དྲག་འབད་འོང་ཟེར་ཞུ་ཡི།
དེ་ཡང་ ཁ་ཙ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་དང་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་ འབྲུག་གི་དངུལ་ཁང་ལྟེ་བའི་སྤྱི་འཛིན་ དེ་ལས་ ཕུན་ཚོགས་གླིང་གི་ ཚོང་པའི་འཐུས་མི་ཚུ་དང་ སྒེར་སྡེ་ ལས་འཛིན་གྱི་ ངོ་ཚབ་ཚུ་གི་བར་ན་ ཞལ་འཛོགས་འཚོགས་པའི་སྐབས་ལུ་ ཚོང་པ་ཚུ་གིས་ཞུ་ཡི།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ གསུངས་མིའི་ནང་ ཞལ་འཛོམས་དེ་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་བྱུང་མིའི་སྐོར་ལས་ དོགས་པ་སེལ་ཐབས་ལུ་ འགོ་འདྲེན་འཐབ་ཡོད་རུང་ ཚོང་པའི་འཐུས་མི་ཚུ་གིས་ ཉོགས་བཤད་བཀོད་ནིའི་ཚབ་ལུ་ དངུལ་ཁང་ལྟེ་བའི་ ལམ་ལུགས་ལུ་ ཡིད་ཆེས་བསྐྱེད་ཡོདཔ་ལས་ ཧ་ལས་ཅི་ཟེར་ཨིནམ་ད་ ཁོང་གིས་ རྒྱལ་ཁབ་ལུ་ ཤ་ཚ་བའི་ རྣམ་འགྱུར་བཏོན་ཐོག་ལས་ རུ་པིའི་གནད་དོན་དེ་ རྒྱལ་ཡོངས་ཀྱི་ གནད་དོན་སྦེ་ བརྩི་འཇོག་འབད་དེ་ གྲོས་བསྡུར་འབད་ཡོདཔ་ལས་ ཁོང་ལུ་བྱུང་མི་ དཀའ་ངལ་དག་པ་ཅིག་གི་སྐོར་ལས་བ་གཏོགས་ ཉོགས་བཤད་ག་ནི་ཡང་མིན་འདུག་ཟེར་ བསྟན་རྒྱས་བློན་པོ་གིས་ གསུངསམ་ཨིན་པས།
གྲོས་བསྡུར་དེ་ བསམ་བཤད་གྲོས་འཛོམས་བཟུམ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཚོང་པ་ཚུ་གིས་ གཞུང་གི་ཁ་ཐུག་ལས་ རུ་པི་དང་འབྲེལ་བའི་ ལམ་ལུགས་གསརཔ་དང་འཁྲིལ་ ག་དེ་སྦེ་ ལག་ལེན་འཐབ་དགོཔ་ཨིན་ན་དང་ སྲིད་བྱུས་གསརཔ་དམ་སྒྲིང་སྦེ་ ལག་ལེན་འཐབ་དགོ་པའི་ བསམ་འཆར་ཚུ་ ཞུ་ཡི།
བསྟན་རྒྱས་བློན་པོ་གིས་ རྒྱལ་ཁབ་ནང་ འདི་བཟུམ་མའི་ གནས་སྟངས་ལུ་ ཐུག་དགོ་མིའི་སྐོར་ལས་ གསལ་བཤད་གནང་པའི་ཁར་ གནས་སྟངས་ལེགས་ཤོམ་བཟོ་དགོ་པ་ཅིན་ ནང་འདྲེན་ལས་ ཕྱིར་ཚོང་ཡར་སེང་འབད་དགོ་ཟེར་ཨིནམ་ད་ ང་བཅས་ཀྱིས་ ནང་འཁོད་ཐོན་སྐྱེད་ཡར་སེང་འབད་ཐོག་ལས་ ཕྱིར་ཚོང་མངམ་འཐབ་སྟེ་ རུ་པིའི་འབབ་ཁུངས་བཟོ་དགོ་ཟེར་གསུངས་ཡི།
གཞུང་གིས་ རུ་པིའི་དཀའ་ངལ་དེ་ ག་དེ་མགྱོགས་མགྱོགས་སེལ་ཐབས་འབད་ནི་ཨིན་རུང་ ག་ར་ལུ་ འགན་ཁུར་ཕོག་ཡོདཔ་མ་ཚད་ མི་ཚུ་གིས་ རུ་པི་བསག་བཞག་ནི་དེ་ ག་དེ་དྲག་དྲག་འཛེམ་གནང་ཟེར་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ དྲན་གསལ་གནང་པའི་ཁར་ རུ་པི་བསག་བཞག་པ་ཅིན་ དེ་གིས་ རུ་པིའི་དཀའ་ངལ་བསལ་ནི་མིན་པར་ ཧེང་སྐལ་ར་ གནས་སྟངས་སྐྱོ་དྲགས་བཟོ་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།
No comments:
Post a Comment