གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་རྫོང་ཁག་ནང་ ཚལ་ལུ་ཤིང་ཚུ་བརྡབ་ནི།


མི་སེར་ཙུ་གིས་ གཞུང་ལས་ རྒུད་འཐུས་གནང་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ནད་གཞི་ཟུན་མི་ ཚལ་ལུའི་ཤིང་ཚུ།

ཉི་མ་དབང་འདུས།

༉ པདྨ་དགའ་ཚལ་རྫོང་ཁག་ནང་ མི་སེར་ཚུ་གིས་ ཤུལ་མའི་ལོ་ངོ་དག་པ་ཅིག་གི་རིང་ དངུལ་ཐོག་ཚལ་ལུའི་ ཚོང་འབྲེལ་འཐབ་མི་ཚུགས་ནི་ཨིནམ་ལས་ ཁོང་རའི་ འཚོ་སྐྱོང་ལུ་ ཐོ་ཕོག་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ རྫོང་ཁག་ཚོགས་འདུ་གིས་ ཐག་བཅད་མི་དང་འཁྲིལ་ སོ་ནམ་སྡེ་ཚན་གྱིས་ རྫོང་ཁག་དེ་ནང་ ཚལ་ལུ་ཤིང་གི་ནད་གཞི་ སི་ཊ་རཱསི་ གི་རི་ནིང་ཟེར་མི་ ཐོབ་ཡོད་མི་ ཚལ་ལུ་ཤིང་ཚུ་ རྩ་བ་ལས་ར་ བཏོག་བཀོ་སྟེ་ ལྕངམ་གསརཔ་འཛུགས་སྐྱོང་འབད་ནི་ཨིན་པས།

གྲོས་ཆོད་དང་འཁྲིལཝ་ད་ ད་ལྟོ་ ནད་གཞི་ཐོབ་མི་ ཚལ་ལུ་ཤིང་ལ་ལུ་ཅིག་གུ་ རྡོག་མ་དུམ་གྲ་རེ་ བཏགས་མི་ཚུ་ ཚོང་བསྒྱུར་འཐབ་ཚུགས་དོ་ཡོདཔ་ཨིན་རུང་ བཏོག་བཏང་པའི་བསྒང་ལས་ མི་སེར་ཚུ་གི་ འོང་འབབ་ལུ་ ཐོ་ཕོག་ནི་ཨིནམ་ལས་ ཉམས་རྒུད་པ་ཚུ་ལུ་ གཞུང་གིས་ རྒུད་འཐུས་སྤྲོད་དགོ་པའི་སྐོར་ལས་ རྫོང་ཁག་ཚོགས་འདུ་གིས་ སོ་ནམ་ལྷན་ཁག་ལུ་ གྲོས་འཆར་བཙུག་ནི་ཨིན་པས།
རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་འོག་མ་ ཤུ་མར་རྒཔོ་ གླེ་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཚལ་ལུ་འཛུགས་སྐྱོང་འབད་ནི་དེ་ མི་སེར་ཚུ་ལུ་ འབབ་ཁུངས་ཀྱི་ འབྱུང་གནས་ངོ་མ་ཅིག་ཨིནམ་ལས་ གཞུང་གིས་ ཚལ་ལུའི་ནད་གཞི་ཁྱབ་སྤེལ་བཀག་ཐབས་ཀྱི་ ཐབས་ལམ་བཏོན་མི་ལུ་ རྒྱབ་སྐྱོར་ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ མི་སེར་ཚུ་ འཚོ་བ་ཚལ་ལུ་བརྟེན་ སྡོད་ཡོདཔ་ལས་ གཞུང་ལས་ རྒུད་འཐུས་རེ་ གནང་ཐབས་ཡོད་པ་ཅིན་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཐོགས་འོང་ནི་མས་ཟེར་ཨིན་པས།
རྒཔོ་གླེ་པོ་གིས་ སླབ་མིའི་ནང་ ཚལ་ལུ་ཤིང་ཚུ་ བཏོག་བཀོ་སྟེ་ ཇོ་བདག་ཚུ་ལུ་ ལྕངམ་ཚབ་སྤྲོད་ནི་ཨིན་རུང་ ཤིང་ཚུ་ འཛུགས་སྐྱོང་འབད་ཞིནམ་ལས་ འབྲས་བུ་མ་བཏགས་ཚུན་ཚོད་ དུས་ཡུན་ལོ་༥ དང་༦ རེ་ འགོར་དོ་ཡོདཔ་ལས་ རྒུད་འཐུས་འཐོབ་ནི་གི་  རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚལ་ལུ་ཤིང་ཚུ་ལུ་ ནད་གཞི་ཟུན་ཡོད་རུང་ རྡོག་མ་དུམ་གྲ་རེ་ བཏགས་མི་ཚུ་ བཙོང་ཐོག་ལས་ ཕམ་ཚུ་གིས་ རང་སོའི་ཨ་ལུ་ཚུ་ སློབ་གྲྭ་ནང་གཏང་ནི་དང་ གལ་ཆེ་བའི་ གནད་དོན་གཞན་ཚུ་ནང་ ཟད་འགྲོ་གཏང་ནི་ལུ་ ཕན་ཐོགས་བྱུང་སྟེ་ར་ཡོད་ཟེར་ཨིན་པས།
སོ་ནམ་ཞིང་པ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཚལ་ལུ་ཤིང་ཚུ་ བཏོག་བཀོ་ནི་གི་ ཐབས་ལམ་བཏོན་མི་དེ་ མ་འོངས་པ་ལུ་ ཕན་ཐོགས་འབྱུང་ནི་ཨིན་རུང་ ད་ལྟོ་སྡོད་མི་ཚུ་གི་དོན་ལུ་ ག་ཅི་ཡང་མ་དགོཔ་བཟུམ་ཅིག་སྦེ་མཐོངམ་ལས་ གཞུང་གིས་ ཐུགས་བཞེད་གནང་དགོཔ་འདུག་ཟེར་ཨིན་པས།
དེ་མ་ཚད་ རྫོང་ཁག་ནང་ ཚལ་ལུ་ཤིང་ཚུ་ལུ་ ནད་གཞི་ཟུན་ཏེ་ ལོ་ངོ་ལེ་ཤ་ ལང་ཡོད་རུང་ ཧེ་མ་ལས་མིན་པར་ ད་ལྟོ་ ཐབས་ཤེས་བཏོན་མི་དེ་ ག་ཅི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ ཁོ་གིས་ བཤད་པའི་ཁར་ གལ་སྲིད་ སོ་ནམ་འགོ་དཔོན་ཚུ་གིས་ ནད་གཞི་དེ་ བདའ་ཟུན་པའི་སྐབས་ལས་ར་ བཀག་ཐབས་ཀྱི་ ཐབས་ལམ་ཚུ་ བཏོན་ཡོད་པ་ཅིན་ ད་རེས་ ཚལ་ལུ་ཤིང་ཚུ་ རྒྱ་ཆེ་དྲགས་སྦེ་ བཏོག་གཏང་དགོ་པའི་ མཁོ་གལ་མ་བྱུངམ་འོང་ཟེར་ བཤད་ཡོདཔ་ད་ ད་ལྟོ་ ཐབས་ལམ་བཏོན་ནི་དེ་ ཕྱིས་སོ་ནུག་ཟེར་ཨིན་པས།
རྫོང་ཁག་སོ་ནམ་འགོ་དཔོན་ ཀི་རཱན་ སུ་བེ་དི་གིས་འབད་བ་ཅིན་ ཤུ་མར་རྒེད་འོག་ནང་ དབྱེ་ཞིབ་ཚར་༣ དེ་ཅིག་འབད་བའི་སྐབས་ ནད་ཁྱབ་སྤེལ་འབད་མི་ ནད་འབུབ་ཚུ་ མཐོང་གསལ་བྱུང་ཡོདཔ་མ་གཏོགས་ ནད་གཞི་ཁྱབ་སྤེལ་སོང་ཡོད་པའི་ ངོས་འཛིན་མ་བྱུང་པའི་ཁར་ ཚལ་ལུ་ཤིང་ཤི་མིའི་ རྒྱུ་རྐྱེན་ཚུ་ ཤེས་མ་ཚུགས་ཟེར་ཨིན་པས།
རྒེད་འོག་གཞན་ ན་ནོང་དང་ ཆོས་འཁོར་གླིང་ ནོར་བུ་སྒང་གི་ གཡུས་ཚན་ཚུ་ནང་ཡང་ ནད་གཞི་དེ་ དར་ཁྱབ་སོང་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
ཚལ་ལུ་ཤིང་ཚུ་ བརྡབ་ནི་གི་ འཕྲུལ་གྱི་སོ་ལི་ པ་ཝར་ཅེན་དང་ ལྕངམ་གསརཔ་ཉོ་ནིའི་དོན་ལུ་ མ་དངུལ་ཚུ་ཡང་ བགོ་བཀྲམ་འབད་ཚར་ཡོདཔ་ལས་ འཕྲལ་མགྱོགས་ར་ ཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ སོ་ནམ་འགོ་དཔོན་གྱིས་ སླབ་ཨིན་པས།
ཀི་རཱན་སུ་བེ་དི་གིས་འབད་བ་ཅིན་ རྫོང་ཁག་ནང་ ཚལ་ལུའི་ཤིང་ལ་ལུ་ཅིག་ ལོ་ངོ་༥༠ དེ་ཅིག་ ལང་ཡོདཔ་ལས་ བསྐྱར་འཛུགས་ཀྱི་ ལཱ་འབདཝ་ད་ ཤིང་རྙིངམ་ཚུ་གི་དོན་ལུ་ཡང་ ལྕངམ་ཚབ་ཚུ་ སྤྲོད་ནི་ཟེར་ཨིན་པས།
པདྨ་དགའ་ཚལ་ལུ་ ཚལ་ལུ་ཤིང་བསྡོམས་འབུམ་༥.༣༤ ཡོད་མི་ལས་ འབུམ་༢.༥༠ གིས་མ་གཏོགས་ རྡོག་མ་མི་བཏགས་དོ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment