གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་བྱ་རིམ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ།


༉ སྤྱི་ལོ་༢༠༠༨ ལུ་ རྒྱལ་ཁབ་ནང་ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་དང་པ་ འགོ་འདྲེན་འཐབ་པའི་སྐབས་ དར་དཀར་ནང་ལས་ ཁྱད་རིག་སྡེ་རིམ་༤ པ་ཨིན་མི་ ཞི་གཡོགཔ་ པ་སངས་ཚེ་རིང་གིས་ རྩི་རང་རྫོང་ཁག་ནང་ ངོས་ལེན་འགོ་དཔོན་གྱི་ ལཱ་འགན་འབག་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་སྐབས་ལུ་ཡང་ ངོས་ལེན་འགོ་དཔོན་འབད་ནི་གི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ཁམས་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལ་ རྫོག་ཁག་བཙག་འཐུ་འགོ་དཔོན་གྱིས་ སྤྱི་ལོ་༢༠༡༣ གྱི་བཙག་འཐུའི་སྐབས་ ཁོ་གིས་ ངོས་ལེན་འགོ་དཔོན་གྱི་དོན་ལུ་ ཁྱད་ཆོས་མི་ཚང་པས་ཟེར་ སླབ་མི་ལུ་བརྟེན་ སེམས་ཤི་ཡོདཔ་ཨིན་པས།
གསལ་བསྒྲགས་དང་འཁྲིལཝ་ད་ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་༢ པའི་སྐབས་ གནས་སྐབས་ཀྱི་ལཱ་འགན་ ངོས་ལེན་འགོ་དཔོན་དང་ རྒྱལ་ཡོངས་ལྟ་རྟོག་པ་ ཆུང་རིམ་ལྟ་རྟོག་པ་ དེ་ལས་ ངོས་ལེན་འགོ་དཔོན་འོག་མ་སྦེ་ ལཱ་འབད་ནིའི་དོན་ལུ་ ཞི་གཡོགཔ་ ཁྱད་རིག་སྡེ་རིམ་དང་པ་ལས་ བཀོད་ཁྱབ་སྡེ་རིམ་༢ པ་ཚུན་འབད་མི་དང་ ལས་འཛིན་དང་ མི་མང་ཡིག་ཚང་ཚུ་ནང་ལཱ་འབད་མི་ཚུ་གིས་མ་གཏོགས་ ཞུ་ཡིག་བཙུགས་མ་ཆོགཔ་ཨིན་པས།
དེ་ལུ་ པ་སངས་ཚེ་རིང་གིས་འབད་བ་ཅིན་ སྤྱི་ཚོགས་ཀྱི་ བཙག་འཐུ་ཐེངས་དང་པའི་སྐབས་ལུ་ ཞི་གཡོག་ནང་འཛུལ་ཏེ་ ཟླཝ་༣ མ་ལང་མི་ཚུ་ལུ་ཡང་ ངོས་ལེན་འགོ་དཔོན་འབད་ནིའི་ གོ་སྐབས་སྤྲོད་ཡོདཔ་ལས་ ད་རེས་ཀྱི་ལམ་ལུགས་དེ་ འདྲ་མཉམ་མི་མཐོང་པས་ཟེར་ སླབ་ཡོདཔ་ད་ ཁོ་གིས་ སྤྱི་ཚོགས་ཀྱི་བཙག་འཐུ་ ཐེངས་དང་པ་དང་ ས་གནས་གཞུང་གི་ བཙག་འཐུའི་སྐབས་ལུ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ བདེ་སྐྱིད་པདྨ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ ཁྱད་ཚད་བཟོ་དགོ་མི་དེ་ཡང་ བཙག་འཐུའི་སྐབས་ ཞི་གཡོགཔ་གོངམ་ཚུ་གིས་ བཅའ་མར་གཏོགས་བཅུག་ནི་ལུ་དམིགས་ཏེ་ཨིནམ་ད་ འགོ་དཔོན་གོངམ་ཚུ་གིས་འབད་བ་ཅིན་ སྲིད་དོན་ཚོགས་པ་ཚུ་དང་ འབྲེལ་བ་ལེགས་ཤོམ་སྦེ་ འཐབ་ཚུགས་ནི་གིས་མ་ཚད་ རེ་ཚེ་སྐབས་ བྱ་སྟབས་མ་བདེཝ་རེ་ ཐོན་པའི་སྐབས་ལུ་ དཀའ་ངལ་བསལ་ནིའི་ནང་ ཕན་ཐོགས་འབྱུང་ཚུགས་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
ས་གནས་གཞུང་གི་ བཙག་འཐུ་འགོ་དང་པ་དེ་ སྤྱི་ལོ་༢༠༡༡ ལུ་ ལན་ཐེངས་༢ སྦེ་ འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ལྟ་རྟོག་པ་༧༤ དང་ ཆུང་རིམ་ལྟ་རྟོག་པ་༣༠ ངོས་ལེན་འགོ་དཔོན་༧༤ ངོས་ལེན་འགོ་དཔོན་འོག་མ་༦༩ ཚོགས་རྒྱན་ལས་བྱེདཔ་༧,༩༠༠ དེ་ལས་ ཉེན་སྲུང་ལས་བྱེདཔ་༥,༠༠༠ ལག་ལེན་འཐབ་ཡོདཔ་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ལྷན་ཚོགས་ཀྱིས་ ཚོགས་རྒྱན་འགོ་དཔོན་དང་ སྡེ་ཁྲིད་འགོ་དཔོན་ཚུ་གི་ ཁྱད་ཚད་ཚུ་ བཟོ་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་མ་ཚད་ བཙག་འཐུའི་སྐབས་ལུ་ ལས་བྱེདཔ་ག་དེམ་ཅིག་ བཙུག་ནི་ཨིན་ནའི་སྐོར་ལས་ བྱ་སྒོའི་ལམ་ལུགས་ཀྱི་ལཱ་ཚུ་ འབད་བའི་བསྒང་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment