གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ལོ་༢༠༡༣ ལུ་ འགོ་ཐོག་བཙག་འཐུའི་ནང་ སྲིད་ཚོགས་༥ འཐོན་ནི།


སྲིད་དོན་ཚོགས་པ་གསརཔ་༣ གྱིས་ མཙག་འཐུ་ལྷན་ཚོགས་ནང་ སྲིད་ཚོགས་ཀྱི་ བྱ་སྒོའི་རིམ་པ་ཚུ་ དོགས་སེལ་འབད་བར་སོང་ནུག།
བསམ་གཏན་ཡེ་ཤེས།
༉ ད་ལྟོ་ གྲ་སྒྲིག་འབད་བའི་བསྒང་ཡོད་མི་བཟུམ་སྦེ་ར་ འགྱོ་བཏུབ་པ་ཅིན་ སྤྱི་ལོ་༢༠༡༣ ལུ་ སྤྱི་ཚོགས་དང་འབྲེལ་བའི་ འགོ་ཐོག་གི་ བཙག་འཐུ་སྐབས་  སྲིད་དོན་ཚོགས་པ་༥ འཐོན་ནི་ཨིནམ་ལས་ མི་སེར་ཚུ་གིས་ འོས་འབབ་དང་ལྡན་པའི་ གཞུང་སྐྱོང་དང་ ལྡོག་ཕྱོགས་ཚོགས་པ་གདམ་ཁ་རྐྱབ་ནི་གི་ གོ་སྐབས་ཐོབ་ཚུགས་ནི་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ མ་བརྩིས་བར་ སྲིད་དོན་ཚོགས་པ་༣ གཞི་བཙུགས་ཀྱི་དོན་ལུ་ སོ་ཤཱལ་ཌེ་མོ་ཀེ་རི་ཊིག་ཟེར་མི་ མི་སྡེ་དམངས་གཙོ་ཚོགས་པ་དང་ འབྲུག་མི་སེར་ཚོགས་པ་ དེ་ལས་ ད་ལྟོ་ཚོགས་པའི་མིང་ གསལ་སྟོན་མ་འབད་མི་༡ གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་དང་ གྲོས་བསྟུན་འབད་དེ་ བཙག་འཐུ་དང་འབྲེལ་བའི་ བྱ་སྒོའི་རིམ་པ་ཚུ་གི་སྐོར་ལས་ དོགས་སེལ་ འབད་ཡོདཔ་ཨིན་པས།
བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ སྲིད་ཚོགས་གསརཔ་ལུ་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ དོགས་སེལ་འབད་བའི་ཁར་ འདས་པའི་བཙག་འཐུའི་ནང་བྱུང་མི་ གནད་དོན་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ཧེ་མ་ལས་ གཞི་བཙུགས་འབད་དེ་ཡོད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་༢ ལུ་ ཚོགས་པའི་གནས་སྟངས་ཀྱི་ སྙན་ཞུ་ཕུལ་ནི་གི་ དུས་ཚོད་དེ་ སྤྱི་ཟླ་༦ པ་ཚུན་ བྱིན་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ ཚོགས་པ་༢ ཀྱི་ རྩིས་ཞིབ་འབད་ནི་ཨིན་པས།
ལྷན་འཛིན་སྤྱི་ཁྱབ་ཀྱིས་འབད་བ་ཅིན་ སྲིད་དོན་ཚོགས་པའི་ མ་དངུལ་གྱི་ གནས་སྟངས་ཚུ་ བསྐྱར་ཞིབ་འབད་དེ་ མ་དངུལ་རྒྱབ་སྐྱོར་དང་ ཞལ་འདེབས་ཀྱི་ ཚད་གཞི་དེ་གིས་ ཚོགས་པའི་བསྐུལ་བསྒྲགས་ཚུ་གི་དོན་ལུ་ ལང་མི་ལང་ ཡང་ཅིན་ ཡར་སེང་འབད་དགོ་མི་དགོ་ཚུ་ བལྟ་ཞིབ་འབད་འོང་ཟེར་ཨིན་པས།
སྲིད་ཚོགས་ཀྱི་ འཐུས་མི་ཚུ་གིས་ ཚོགས་པ་ལུ་ མཐོ་ཤོས་དངུལ་ཀྲམ་འབུམ་༡ ལས་བརྒལ་ ཞལ་འདེབས་འབད་མ་ཆོགཔ་ཨིན་རུང་ སྤྱི་ལོ་༢༠༠༩ ལས་ ཞལ་འདེབས་ཀྱི་ ཚད་གཞི་དེ་ དངུལ་ཀྲམ་འབུམ་༥ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།
དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ སྲིད་དོན་ཚོགས་པ་གསརཔ་གི་ ཐོ་བཀོད་ཚུ་ཡང་ འཐུས་མི་ཚུ་གིས་ རང་སོའི་སྟབས་བདེ་ཧིང་དང་བསྟུན་ ནམ་འབད་རུང་ འབད་ཆོགཔ་ཨིན་རུང་ དེ་གི་ཧེ་མར་ ཟླ་ངོ་༡ གི་རིང་ སྲིད་ཚོགས་ཀྱི་ ངོ་སྤྲོད་ཚུ་ མི་མང་ལུ་ གསལ་བསྒྲགས་འབད་དགོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྤྱིར་བཏང་བཙག་འཐུ་གཉིས་པའི་ བྱ་རིམ་གྱི་ལཱ་ཚུ་ སང་ཕོད་གནམ་སོ་ཁའི་ སྔ་ཆ་ལུ་ བཙག་འཐུའི་ལམ་ལུགས་དང་འཁྲིལ་ འགོ་བཙུག་ནི་ཨིན་རུང་ ཚེས་གྲངས་ནམ་ལས་ འགོ་བཙུག་ནི་ཨིན་ན་ ངེས་བརྟན་མེདཔ་ཨིན་པས།
སྤྱི་ཚོགས་དང་པའི་ འཐུས་མི་ཚུ་གི་ གནས་ཡུན་དེ་ སང་ཕོད་ སྤྱི་ཟླ་༥ པའི་ཚེས་༧ ལུ་ ཚང་ནི་དང་ གཞུང་དེ་ཡང་ དུས་མཉམ་ལུ་ རྩ་གྲོལ་འགྱོ་ནི་ཨིནམ་ད་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་ཚང་བའི་ ཚེས་གྲངས་ལས་ ཉིན་གྲངས་༩༠ ནང་འཁོད་ལུ་ བསྐྱར་འཛུགས་ཀྱི་ བཙག་འཐུའི་ཚེས་གྲངས་གསལ་བསྒྲགས་འབད་དགོཔ་ཨིན་པས།
དེ་འབདཝ་ད་ རྒྱལ་ཡོངས་ཚོགས་སྡེའི་ཐད་ལུ་ འཐུས་མི་ཚུ་གི་ གནས་ཡུན་ཚང་བའི་ ཚེས་གྲངས་དེ་ཁར་ བསྐྱར་འཛུགས་འབད་ནིའི་དོན་ལུ་ བཙག་འཐུ་སོ་སོ་འབད་ར་ འགོ་འདྲེན་འཐབ་དགོཔ་འོང་ཟེར་ བཙག་འཐུ་འི་ལྷན་འཛིན་སྤྱི་ཁྱབ་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment