གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེན་བརྡའི་ཡི་གུ་ཚུ་ལུ་ ཁ་བཟེད་ཡོད་རུང་ རྫས་བམ་ལུ་ ངོས་ལེན་མེདཔ།


དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

༉ དབང་འདུས་ཕོ་བྲང་ལུ་ རྫས་བམ་ལག་ལེན་དང་ ཉེན་བརྡའི་ཡི་གུ་ཚུ་གི་ཐོག་ལས་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་དཔོན་ཅིག་ལུ་ འཇིགས་སྐུལ་འབད་བའི་ དོགས་པ་ཡོད་མི་ སློབ་ཕྲུག་བུཚ་༢ ལུ་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས།

རྫས་བམ་དེ་ སྤྱི་ཟླ་༣ པའི་ཚེས་༡ གི་ ནུབ་མོའི་ཆུ་ཚོད་༡༡:༤༥ དེ་ཅིག་ལུ་ བ་འཇོ་སློབ་གྲྭའི་ རྫོང་ཁ་སློབ་དཔོན་སྡོད་སའི་ སྒོ་ཐེམ་གུ་ རྫས་བམ་ཅིག་ གས་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ སློབ་དཔོན་ལུ་ འཇིགས་སྐྲག་སྟོན་པའི་ ཉེན་བརྡའི་ཡིག་གུ་༣ སྦྱར་བཞག་ཡོདཔ་ཨིན་པས།
ཉིནམ་༣ གྱི་རྒྱབ་ལས་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༡༥ ལང་མི་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་བུཚ་༡ དང་ དབང་འདུས་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་ཕྲུག་བུཚ་ སྐྱེས་ལོ་༡༦ ལང་མི་དེ་ འཛིན་བཟུང་འབད་ཡོད་མི་དེ་ཡང་ བུཚ་དེ་གཉིས་ བ་འཇོ་ཁྲོམ་ཁར་ ཨོ་ཕྱེ་ཤོག་སྒྲོམ་༩ དང་ བཟའ་ནིའི་རིགས་ཚུ་ ཨར་རྐུན་འབད་བའི་ འབྲེལ་གནད་ལུ་བརྟེན་ བཟུང་བའི་སྐབས་ རྫས་བམ་བཙུགས་མི་དང་ ཉེན་བརྡའི་ཡི་གུ་བྲིས་མི་ཡང་ ཁོང་༢ ཨིན་པའི་ དོགས་པ་ཆགས་ཅི་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པས།
དབང་འདུས་ཁྲིམས་སྲུང་འགག་པའི་ འགན་འཛིན་པ་ ཚེ་དབང་འཕྲིན་ལས་ཀྱིས་ སླབ་མིའི་ནང་ དོགས་ཅན་༢ ཀྱིས་ ཉེན་བརྡའི་ཡིག་གུ་ཚུ་ སྦྱར་ཡོད་པའི་ ཁ་བཟེད་པའི་ཁར་ ཁོང་གིས་ ཞིབ་དཔྱད་རྐྱབ་པའི་སྐབས་ལུ་ཡང་ ཡིག་བཟོ་ལས་ བདའ་ཟུན་ཚུགས་ཅི་ཟེར་ཨིནམ་ད་ ཉེན་བརྡའི་ཡི་གུ་༢ སློབ་གྲྭའི་བརྡ་བྱང་གུ་ སྦྱར་ཡོདཔ་མ་ཚད་ ཡི་གུ་གཞན་དེ་ རྫོང་སློབ་སྡོད་སའི་ སྟེང་སྒོ་གུ་ སྦྱར་བཞག་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགན་འཛིན་པ་གིས་འབད་བ་ཅིན་ དོགས་ཅན་༢ ཀྱིས་ རྫས་བམ་བཙུགས་མི་དེ་ ཁོང་གཉིས་ཨིནམ་སྦེ་ འཕྲལ་འཕྲལ་ཁ་བཟེད་ནི་ཡོདཔ་ཨིན་རུང་ རེ་ཚེ་སྐབས་ ཁོང་མེན་ཟེར་ སླབ་ནི་དེ་གིས་ ད་ལྟོ་ ག་ལུ་ཉེས་འཛུགས་འཁྲི་ནི་ཨིན་ན་ ངེས་བདེན་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
རྫས་བམ་དེ་ ནུབ་མོར་གས་ཡོདཔ་ལས་ ག་ལུ་ཡང་ ཤེས་རྟོགས་མ་བྱུང་པའི་ཁར་ བྱུང་རྐྱེན་གྱི་ སྙན་ཞུ་དེ་ ཁྲིམས་སྲུང་འགག་པ་ལུ་ དེ་གི་ནངས་པར་རྐྱངམ་གཅིག་ ལྷོད་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ དེ་ཚེ་ནུབ་མོར་ར་ ཁོང་ལུ་ སྙན་ཞུ་འབད་ཡོད་པ་ཅིན་ རྫས་བམ་གྱི་སྐོར་ལས་ ཤེས་ཚུགས་པའི་ འོས་འབབ་ཡོད་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ ས་ཁོངས་དེ་ནང་ རྫས་བམ་གྱི་ ཤོག་གུ་དང་ རྫས་དཀརཔོ་དུམ་གྲ་རེ་མ་གཏོགས་ གཞན་ག་ནི་ཡང་ མ་ཐོབ་ཟེར་ བཤདཔ་ཨིན་པས།
རྫོང་ཁ་སློབ་དཔོན་དེ་ སློབ་ཕྲུག་ལྟ་རྟོག་འབད་མི་ དོ་དམ་པའི་ ཁྱིམ་ནང་སྡོད་དོ་ཡོདཔ་ལས་ དེ་ཚེ་ནུབ་མོར་ སྒོའི་ཕྱི་ཁ་ལས་ རྣལ་ལྕགས་རྐྱབ་ཡོདཔ་ དྲོ་པ་ལོངམ་ད་ལས་བརྒལ་ མ་ཤེསཔ་ལས་ ཁོ་གིས་ ཁྱིམ་ཚང་གཅིག་ལུ་སླབ་སྟེ་ སྒོ་ཕྱེ་བལྟ་བའི་སྐབས་རྐྱངམ་གཅིག་ བམ་གས་ཡོདཔ་ ཤེས་རྟོགས་བྱུང་ཡི་ཟེར་ཨིནམ་ད་ ཁོ་གིས་ དེ་འཕྲོ་ལས་ སློབ་གྲྭའི་དབུ་འཛིན་འོག་མ་ལུ་སླབ་པའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བམ་གས་པའི་ སྐད་གོ་ཡོད་རུང་ ཁོ་གི་སྣང་བ་ལུ་ གཉིད་ལམ་བཟུམ་ཅིག་སྦེ་ ཤར་བའི་ཁར་ ཁོ་དང་གཅིག་ཁར་ཉལ་མི་ སྤུན་ཆ་དང་ ཆ་རོགས་ཚུ་གིས་ཡང་ རྫས་བམ་གས་པའི་ སྐད་ག་ཅི་ཡང་ མ་གོ་བས་ཟེར་ཨིན་པས།
བམ་གས་མི་ལུ་བལྟ་བ་ཅིན་ ཤུགས་ཡོད་མི་ རྫས་བམ་ཅིག་ མེན་པས་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤད་པའི་ཁར་ བམ་གྱི་སྐོར་ལས་ བསྟན་སྲུང་དམག་སྡེའི་ སྡེ་ཚན་ཅིག་གིས་ཡང་ ཞིབ་དཔྱད་རྐྱབ་ད་ཡང་ བམ་གྱི་རང་བཞིན་དང་ འབྱུང་ཁུངས་ཚུ་ ཤེས་མ་ཚུགསཔ་ལས་ ད་ལྟོ་ གས་རྫས་ཀྱི་ མཁས་མཆོག་ཚུ་དང་གཅིག་ཁར་ བརྟག་དཔྱད་འབད་བའི་བསྒང་ཡོད་ཟེར་ སླབ་ཨིན་པས།
བ་འཇོ་སློབ་གྲྭ་ལས་ཨིན་མི་ དོགས་ཅན་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་ཕུལ་མིའི་ནང་ ཁོ་གིས་ བྱ་ངན་འབད་མི་དེ་ སློབ་ཁང་ནང་ སློབ་དཔོན་གྱིས་ ཁོ་ལུ་ བཀྲ་མ་ཤིསཔ་འབད་བ་ཅིན་ མི་བཏུབ་ཟེར་ སླབ་ནི་དེ་གིས་ ཁོ་ ངོ་ཚ་ཡི་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ཁོ་གི་ ཆ་རོགས་དང་ཕྱད་དེ་ བློ་སླབ་པའི་སྐབས་ བྱ་ངན་འབད་ནི་སྦེ་ ཁ་འཆམ་བྱུང་ཡི་ཟེར་ བཀོད་ཡོདཔ་ཨིན་པས།
དེ་བསྒང་ སློབ་ཕྲུག་དེ་ བ་འཇོ་འབྲིང་རིམ་སློབ་གྲྭ་གོང་མའི་ནང་འཛུལ་ཏེ་ ཉིནམ་༥ ལས་བརྒལ་ མ་འགྱོ་ནི་དེ་གིས་ སློབ་དཔོན་མང་ཤོས་ཅིག་གིས་ ཁོ་གི་སྐོར་ལས་ མི་ཤེས་དོ་ཡོདཔ་ཨིན་པས།
དོགས་ཅན་སློབ་ཕྲུག་དེ་གིས་ སློབ་དཔོན་དེ་ སྒྲིགས་དམ་དྲགས་ཡོད་པའི་སྐོར་ལས་ ཉོགས་བཤད་འབཀོདཔ་ཨིན་རུང་ སློབ་གྲྭའི་དབུ་འཛིན་འོག་མ་ སྨོན་ལམ་གྱིས་འབད་བ་ཅིན་ སློབ་ཕྲུག་ཚུ་ སློབ་གྲྭའི་ལམ་ལུགས་ལུ་ གནས་དགོཔ་ལས་ སྒྲིགས་དམ་དྲགས་འབད་དགོ་འོང་ཟེར་ཨིན་པས།
སློབ་གྲྭའི་འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་སྙན་ཞུ་ལུ་ སྒུག་དོ་ཡོདཔ་ལས་ ཞིབ་དཔྱད་འབད་ཚརཝ་གཅིག་ དོགས་ཅན་གྱི་ ཕམ་ཚུ་དང་ཕྱད་དེ་ སླབ་གྲྭའི་སྒྲིགས་ཁྲིམས་དང་འཁྲིལ་ ངོས་ལེན་འབད་འོང་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དབང་འདུས་འབྲིང་རིམ་སློབ་གྲྭ་འོག་མ་ལས་ཨིན་མི་ དོགས་ཅན་གཞན་དེ་ ཧེ་མ་ཡང་ ཉེས་ལས་ཚུ་ང་ འབྲེལ་གཏོགས་འབད་མི་ལུ་བརྟེན་ དོ་དམ་འོག་ལུ་ ལན་ཐེངས་ལེ་ཤ་བཞག་ཅི་ཡི་ཟེར་ཨིན་པའི་གནས་ཚུལ། 

No comments:

Post a Comment