གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ལུ་ སོ་ནམ་ལཱ་ཚུ་ འཕྲུལ་ཆས་ཐོག་ལས་འབད་ནི།

༢༦/༧/༢༠༡༣   ༉ ལས་མིའི་དཀའ་ངལ་བསལ་ནི་དང་ དུས་ཚོད་དང་ མ་དངུལ་འཕྲོ་བརླག་འགྱོ་ནི་ལས་ སྲུང་ཐབས་ལུ་ སོ་ནམ་ལྷན་ཁག་གིས་ བུམ་ཐང་ལུ་ འབྲུ་སྣ་ཚུ་ བརྔ་ནིའི་དོན་ལས་ རྔ་འཕྲུལ་ཅིག་དང་ ཀེ་བ་རྐོ་འཕྲུལ་ཅིག་ འགོ་བཙུགས་དོ་ཡོདཔ་ཨིན་པས།
རྔ་འཕྲུལ་ལག་ལེན་འཐབ་ཐོག་ལས་ དཀར་རྔ་བའི་བསྒང་།


དེ་ཡང་ ཁ་ཙ་ དབང་འདུས་ཕོ་བྲང་བ་འཇོ་ཐང་ལུ་ཡོད་མི་ ལུང་ཕྱོགས་སོ་ནམ་དང་ འཕྲུལ་ཆས་ལྟེ་བ་ལས་ སྡེ་ཚན་ཅིག་གིས་ རྒྱལ་མཁར་ལུ་ དཀར་ཞིང་ནང་ རྔ་འཕྲུལ་ལག་ལེན་འཐབ་ཐངས་དང་ བྱ་དཀར་ལྷ་ཁང་གི་ སྦོ་ལོགས་ཁར་ ཀེ་བའི་ཞིང་ནང་ ཀེ་བ་རྐོ་འཕྲུལ་དེ་ སོ་ནམ་ཞིང་པ་ཚུ་ལུ་ འགྲེམས་སྟོན་འབད་ནུག།
རྒྱལ་མཁར་གྱི་ སོ་ནས་པ་ཚུ་ རྔ་འཕྲུལ་གྱི་ འགྲེམས་སྟོན་ལུ་ལྟ་སྟེ་ ཧ་ལས་ཡོདཔ་ད་ ཁོང་གིས་འབད་བ་ཅིན་ རྔ་འཕྲུལ་ལག་ལེན་འཐབ་པ་ཅིན་ ལས་མིའི་དཀའ་ངལ་བསལ་ནི་ཨིནམ་མ་ཚད་ དུས་ཚོད་དང་ ཏི་རུ་ལུ་ཡང་ ཕན་ཁྱད་འབྱུང་ནི་མས་ཟེར་ཨིན་པས།
སོ་ནམ་ཞིང་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ ས་ཞིང་ཚུ་ནང་ ལཱ་འབད་ནི་ལུ་ སྤྲོ་བ་བསྐྱེད་མ་བཏུབ་མི་ལུ་བརྟེན་ ལོ་ཐོག་བརྔ་ནིའི་ དུས་ཚོད་སྐབས་ ལས་མི་གཞན་ལེ་ཤ་འཚོལ་དགོཔ་ བྱུངམ་མས་ཟེར་ཨིན་པས།
རྒྱལ་མཁར་ལས་ སོ་ནམ་ཞིང་པ་ སྐྱེས་ལོ་༦༡ ལང་མི་ བསོད་ནམས་སྟོབས་རྒྱས་ཀྱིས་འབད་བ་ཅིན་ ཉིནམ་ཅིག་ནང་ དཀར་བརྔ་ནིའི་དོན་ལུ་ ལས་མི་༣༠ དེ་ཅིག་ འཚོལ་དགོཔ་མ་ཚད་ རེ་ཚེ་སྐབས་ ཉིནམ་༢ འགོར་ནི་ཡོད་ཟེར་ཨིནམ་ད་ ཉིན་བསྟར་བཞིན་དུ་ ལས་མི་རེ་ལུ་ གླ་འཐུས་དངུལ་ཀྲམ་༢༠༠ རེ་སྤྲོད་དགོ་པའི་ཁར་ ཉིན་ལྟོ་དང་ ཇ་བྱིན་དགོ་ཟེར་ སླབ་ཨིན་པས།
རྔ་འཕྲུལ་དེ་གི་ཐོག་ལས་ ཁོ་ལུ་ ལས་མི་ལེ་ཤ་འཚོལ་མི་དགོ་ནི་དང་ ལཱ་དེ་ཡང་ ཁོ་ར་གིས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ནང་ འབད་ཚར་ནི་ཨིནམ་ལས་ དེ་གིས་ དུས་ཚོད་དང་ ཏི་རུ་གཉིས་ཆ་ར་ལུ་ ཕན་ཁྱད་འབྱུང་འོང་ཟེར་ སླབ་ཨིན་པས།
སོ་ནམ་སྤྱི་མཐུན་རང་བཞིན་ཚོགས་པ་ཟེར་མི་ རྒྱལ་མཁར་སོ་ནམ་སྡེ་ཚན་གྱི་ ཁྲི་འཛིན་ཡང་ཨིན་མི་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གཞུང་གིས་ སྐྱིད་སྡུག་གོང་ཚད་མར་ཕབ་ཐོག་ གནང་པ་ཅིན་ ཁོང་གིས་ རྔ་འཕྲུལ་ཅིག་ ཉོ་ཞིནམ་ལས་ སོ་ནམ་ཞིང་པ་གཞན་ཚུ་ལུ་ གླ་ཁར་གཏང་འོང་ཟེར་ཨིན་པས།
ཀེ་བ་འཛུགས་སྐྱོང་འབད་མི་ སོ་ནམ་པ་ཚུ་གིས་འབད་བ་ཅིན་ ཀེ་བ་རྐོ་འཕྲུལ་དེ་ ཀེ་བའི་ཞིང་ནང་ གཡུར་མ་རྐྱབ་ཞིནམ་ལས་རྐྱངམ་གཅིག་ ལག་ལེན་འཐབ་བཏུབ་པས་ཟེར་ཨིནམ་ད་ ཨིན་རུང་ རྐོ་འཕྲུལ་དེ་ ལག་ལེན་འཐབ་པ་ཅིན་ ལས་མི་ཕྱེད་ཀ་ཅིག་ལས་ འཚོལ་མི་དགོ་པས་ཟེར་ སླབ་ཨིན་པས།
ལུང་ཕྱོགས་སོ་ནམ་དང་ འཕྲུལ་ཆས་ལྟེ་བའི་ འཛིན་སྐྱོང་པ་ ཀུན་བཟང་གིས་ སླབ་མིའི་ནང་ རྔ་འཕྲུལ་རེ་ལུ་ རིན་གོང་དངུལ་ཀྲམ་ས་ཡ་༠.༡ དང་ ཀེ་བ་རྐོ་འཕྲུལ་རེ་ལུ་ དངུལ་ཀྲམ་ས་ཡ་༠.༣༥ དེ་ཅིག་ གནས་འོང་ཟེར་ཨིནམ་ད་ སོ་ནམ་པ་ཚུ་གིས་ སོ་ནམ་འཕྲུལ་ཆས་ཉོ་ནི་དང་ ཡང་ཅིན་ གླ་ཁར་ལེན་ནིའི་དོན་ལུ་ རྫོང་ཁག་སོ་ནམ་ཡིག་ཚང་ནང་ ཞུ་ཡིག་བཙུགས་དགོ་ཟེར་ སླབ་ཨིན་པས།
དེ་ལས་ རྔ་འཕྲུལ་གླ་ཁར་ལེན་པ་ཅིན་ དུས་ཡུན་ཆུ་ཚོད་རེ་ནང་ གླ་འཐུས་དངུལ་ཀྲམ་༤༥༠ རེ་དང་ ཀེ་བ་རྐོ་འཕྲུལ་གྱི་དོན་ལུ་ དངུལ་ཀྲམ་༣༥༠ རེ་ སྤྲོད་དགོཔ་ཨིན་པས།
སོ་ནམ་འཕྲུལ་ཆས་ལག་ལེན་གྱི་ འགྲེམས་སྟོན་འབད་དགོ་མིའི་ དམིགས་དོན་གཙོ་བོ་ར་ སོ་ནམ་འཕྲུལ་ཆས་ལག་ལེན་ཐོག་ ལོ་ཐོག་གི་ ཐོན་ཤུགས་ཡར་སེང་འབད་ནི་དང་ ལས་མིའི་དཀའ་ངལ་བསལ་ནི་ དེ་ལས་ ན་གཞོན་ཚུ་ གཡུས་ཁར་སྡོད་དེ་ ཞིང་ལཱ་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་བཅུག་ཐབས་ལུ་ཨིན་ཟེར་ ཀུན་བཟང་གིས་ སླབ་ཨིན་པས།
རྔ་འཕྲུལ་དང་ རྐོ་འཕྲུལ་ཚུ་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ སྤ་རོ་ཚུ་ནང་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ཡོདཔ་ད་ ཀེ་བ་རྐོ་འཕྲུལ་དེ་ དང་པ་ར་ བུམ་ཐང་ལུ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment