གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་འབྲེལ་མར་ཉམས་སོང་མི་ རྩི་རང་གི་ཁྲོམ་རྙིང་ཤོས།

༡༨/༧/༢༠༡༣   ༉ རྩི་རང་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་ཁར་ཆགས་ཡོད་མི་ ཅང་ཅེ་ཁྲོམ་དེ་ རྩི་རང་རྫོང་ཁག་འོག་གི་ ཁྲོམ་རྙིང་ཤོས་དེ་ཨིན་པས།
ཁྲོམ་དེ་ སྤྱི་ལོ་༡༩༥༠ ང་གྲངས་ལས་༡༩༧༠ ཚུན་ རྩི་རང་རྫོང་ཁག་འོག་གི་ རྒེད་འོག་༡༢ ཀྱི་མི་སེར་ཚུ་གིས་ དུས་རྒྱུན་གྱི་ཚོང་འབྲེལ་འཐབ་ས་ལྟེ་བ་ཅིག་ཨིནམ་ད་ རྫོང་ཁག་འོག་ལུ་ ཁྲོམ་གཞན་མེདཔ་ཨིན་པས།

རྩི་རང་རྫོང་ཁག་གི་ཁྲོམ་རྙིང་ཤོས་ ཅང་ཅེ་ཁྲོམ།


ཁྲོམ་གྱི་རྒྱབ་ཁུངས་ཀྱི་སྐོར་ལས་ ཁྲོམ་ཁར་ ཚོང་རྐྱབ་སྡོད་མི་དང་པ་ རྒས་ཤོས་ཅིག་ཨིན་མི་ ད་རེས་ནངས་པ་ ཚོང་ཉོ་མི་མེད་མི་ལུ་བརྟེན་ དབུགས་འགམ་སྡོད་མི་ སེམས་ལྗོངས་རྒེད་འོག་ནང་ལས་ སྐྱེས་ལོ་༩༣ ལང་མི་ ཨ་རྒས་ བིམ་བྷ་དཱུར་པར་དཱན་གྱིས་ སླབ་མིའི་ནང་ འགོ་ཐོག་ལུ་ ཁྲོམ་ཁར་ ཚོང་རྐྱབ་མི་དག་པ་ཅིག་ལས་བརྒལ་མེདཔ་ད་ དེ་བསྒང་ སྣུམ་འཁོར་ལམ་མ་ལྷོད་ནི་དེ་གིས་ རྩི་རང་ལས་ རྟ་གུ་ ཚལ་ལུ་དང་ འབྱ་སྲིབ་ཚུ་བཀལ་འབག་ཞིནམ་ལས་ གསར་སྤང་ཁྲོམ་ཁར་བཙོང་བའི་ཤུལ་ལུ་ རྒྱ་ཆུམ་དང་ ཚྭ་ ཇ་རིལ་ དོག་མ་ ཁ་ཟས་ ཚོདམ་ནང་བླུག་ནིའི་རྫས་རིགས་དང་ ཉ་སྐམ་ལ་སོགས་པ་ ཉོ་འབག་འོང་ཞིནམ་ལས་ བཙོང་ནི་ཡོད་ཟེར་ཨིན་པས།
རྩི་རང་ལས་ གསར་སྤང་ལྷོད་ནི་ལུ་ ཁུར་ཆ་དང་གཅིག་ཁར་ ཉིན་ལམ་༢ འགོར་དོ་ཡོདཔ་ད་ འཕྲལ་འཕྲལ་ ཨ་སཱམ་མངའ་སྡེ་འོག་གི་ ཀོག་ར་ཇཱར་ཁྲོམ་ཁ་ཡང་ ཚོང་བཏོན་པ་འགྱོ་ནི་ཡོད་ཟེར་ ཨ་རྒས་ བིམ་བྷ་དཱུར་གྱིས་ བཤདཔ་ཨིན་པས།
དེ་བསྒང་ ཁོ་གི་ཚོང་ཁང་ནང་ལས་ དུས་རྒྱུན་གྱི་དགོས་མཁོ་ཚུ་དང་གཅིག་ཁར་ མང་ཤོས་ ཁྱིམ་ནང་བཟོ་དོ་ཡོད་མིའི་ ཆང་ཨ་ར་དང་ སྦང་ཆང་ སིང་ཆང་ཚུ་ ཕག་ཤ་ཆང་སྤགས་བཟོ་སྟེ་བཙོང་མི་དེ་ མི་ཚུ་གིས་ ག་ཐོབ་རྐྱབ་ཨིན་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཁྲོམ་ཁར་ ཚོང་རྐྱབ་མིའི་གྱངས་ཁ་དེ་ ཡར་སེང་སོང་ཡོད་རུང་ ཚོང་ཉོ་ས་གཞན་མེད་མི་ལུ་བརྟེན་ ས་གནས་ག་ཏེ་ལས་ཡང་ ཚོང་ཉོ་བར་འཛོམས་ནི་དེ་གིས་ ཁེ་སང་བཟོ་ཚུགས་ཟེར་ཨིན་པས།
སྤྱི་ལོ་༡༩༦༩ ལུ་ གསར་སྤང་དང་ རྩི་རང་གི་ གཞུང་ལམ་དེ་མཐུད་སྦྲེལ་འབད་ཞིནམ་ལས་ འགྲམ་ཕུག་ཁྲོམ་ཆགས་པའི་ཤུལ་ལུ་ ཁྲོམ་དེ་ མར་ཉམས་འགྱོ་ནི་འགོ་བཙུགས་ཅི་ཟེར་ཨིན་པས།
ད་རེས་ནངས་པ་ ཅང་ཅེ་ཁྲོམ་ཁར་ ལྷོ་མཚམས་ལུགས་སྲོལ་གྱི་ ཁྱིམ༌ཐོག་༢ འབད་མི་དག་པ་ཅིག་ནང་ གཏན་འཇགས་ཀྱི་ཚོང་བཙོང་སྡོད༌མི་ ཚོང་པ་༨ དེ་ཅིག་ལས་མེདཔ་ཨིན་པས།
ཨ་རྒས་ བིམ་བྷ་དཱུར་གྱིས་ སླབ་མིའི་ནང་ ད་རེས་ནངས་པ་ ཁྲོམ་ཁར་ ཉེ་འདབས་དང་ སེམས་ལྗོངས་རྒེད་འོག་ནང་ལས་ མི༌རེ་གཉིསམ་མ་གཏོགས་ མ་འོང་མི་ལུ་བརྟེན་ ཉིནམ་རེ་ནང་ དངུལ་ཀྲམ་༢༠༠ དེ་ཅིག་གི་ ཚོང་ཉོ་མི་ཡང་ མིན༌འདུག༌ཟེར་ཨིན་པས།
ཁྲོམ་ཁར་ཚོང་གི་ཆོག་ཐམ་འཆང་མི་ སྐྱེས་ལོ་༦༣ ལང་མི་ ཆ་བི་ལཱལ་པཱར་དཱན་གྱིས་ སླབ་མིའི་ནང་ ཧེ་མ་ ཁོ་གིས་ ས་ཁོངས་དེ་ནང་ ཚོང་ཁང་ཅིག་བཙུགས་ཡོད་རུང་ ཤུལ་ལས་ ཚོང་ཉོ་མི་མེད་མི་ལུ་བརྟེན་ སྒོ་བསྡམ་དགོཔ་བྱུང་ཡི་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ མ་གཞི་ ཅང་ཅེ་ཁྲོམ་དེ་ རྩི་རང་སྟོད་དང་ གསེར་གྱི་ཐང་ ཕུན་བརྟན་ཆུ་ སྒོ་སེར་གླིང་ དེ་ལས་ སེམས་ལྗོངས་རྒེད་འོག་༥ གི་དོན་ལུ་ ལམ་ཐག་ཉེ་ནི་དེ་གིས་ ཉོ་ཚོང་རྐྱབ་པར་ ཕྲངམ་ཕྲང་སར་ འགྲམ་ཕུག་ཁྲོམ་ཁར་འགྱོཝ་མས་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ ཅང་ཅེ་ཁྲོམ་ཁར་ ཚོང་གི་ཆོག་ཐམ་འཆང་མི་ བརྒྱ་ལས་བཅད་དེ་ཡོད་རུང་ ཚོང་ཉོ་མི་མེད་མི་ལུ་བརྟེན་ མང་ཤོས་ཅིག་གིས་ འགྲམ་ཕུག་ཁྲོམ་ཁར་ སྤོ་སོང་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ སྒོ་བསྡམས་བཞག་སྟེ་ཡོད་ཟེར་ཨིན་པས།
ཅང་ཅེ་ཁྲོམ་གྱི་སྣུམ་འཁོར་ལམ་དེ་ རྩི་རང་དང་ དབང་འདུས་གཞུང་ལམ་ལས་བཏོན་ཡོདཔ་བཞིན་དུ་ འཁོར་ལམ་དེ་ ཧེ་མ་ལས་ རྩི་ནག་བཏང་ཡོདཔ་ད་ དེ་སྐབས་ རྫོང་ཁག་བདག་སྐྱོང་གི་ཡིག་ཚང་ལྟེ་བ་ཡང་ དེ་ཁར་ཨིན་རུང་ ད་རེས་ ཡན་ལག་ཁྲོམ་སྦེ་ ལུས་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment