གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མངོན་མཐོ་ཁྲིམས་འདུན་གྱིས་ཡང་ གསོ་བའི་འགོ་དཔོན་༤ ཉེས་གྲོལ་བཏང་ཡོདཔ།

༢༤/༧/༢༠༡༣   དེ་ཡང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ འདས་པའི་ཟླཝ་ནང་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་བཏང་ནུག།
༉ དུས་ཅི་ སྤྱི་ཟླ་༦ པའི་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་སྦེ་ གཞི་འཛིན་ཐོག་ སྤྱི་ལོ་༢༠༠༩ ལུ་ ཇར་མ་ནི་དང་ རྒྱ་ནག་ལུ་ གཞུང་འབྲེལ་ལྟ་སྐོར་ལུ་སོང་མི་ གསོ་བའི་འགོ་དཔོན་༤ ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་གནང་ཡོདཔ་བཞིན་དུ་ མངོན་མཐོ་ཁྲིམས་འདུན་གྱིས་ཡང་ ཉེས་གྲོལ་བཏང་ནུག།


དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་བཏོན་མི་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དགོངས་ཕོག་བཏོན་མི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སོ་དང་ཟ་ལྟབ་གསོ་བཅོས་དྲུང་འཚོ་ བསམ་གྲུབ་ཨར་དབང་ཕྱུག་དང་ སྨན་རིགས་དང་ སྨན་ཁབ་ མཁོ་ཆས་སྡེ་ཚན་གྱི་ མཁོ་སྒྲུབ་གཙོ་འཛིན་འགོ་དཔོན་བགྲེསཔ་ ངག་དབང་རྡོ་རྗེ་ དེ་ལས་ གསོ་བའི་ལྷན་ཁག་གི་ བདག་སྐྱོང་གཙོ་འཛིན་འགོ་དཔོན་བགྲེསཔ་ གནག་མདོག་འབྲུག་པ་༣ ལུ་ ཉེས་པ་མེད་པར་ ཉེས་གྲོལ་བཏང་ཡོདཔ་ཨིན་པས།
ཁོང་༣ ཞི་གཡོག་གི་ བཅའ་ཡིག་དང་ སྒྲིགས་གཞི་༢༠༡༢ ཅན་མའི་ དགོངས་དོན་ལྟར་ གཞུང་གཡོག་ནང་ སྔར་ག་ཨིནམ་སྦེ བསྐྱར་བཙུགས་འབད་དེ་ དགོངས་ཕོག་སྐབས་ དངུལ་ཕོགས་ལྷག་ལུས་བརྒྱ་ཆ་༥༠ བཏོག་བཞག་མི་དང་ མཐུན་རྐྱེན་གཞན་ཐོབ་སྲོལ་ཡོད་མི་ཚུ་ སྒྲིག་གཡོག་ནང་ སྡོད་དོ་བཟུམ་གྱི་ ཐོབ་རིམ་སྤྲོད་དགོཔ་མ་ཚད་ དམ་འཛིན་འོག་བཞག་མི་ རྒྱུ་དོངས་ཚུ་ཡང་ སླར་ལོག་སྤྲོད་དགོ་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡོདཔ་ད་ དེ་ལས་ རྩོད་ཟླ་གཞན་ རུས་ཚིགས་གཤག་བཅོས་དྲུང་འཚོ་ ཚེ་དབང་འཕྲིན་ལས་དེ་ མི་མང་གི་མཐའ་དོན་ལུ་ལྟ་སྟེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཡོག་ནང་ལས་ དགོངས་ཕོག་མ་བཏོན་པར་ བཞག་ཡོདཔ་ཨིན་པས།
གཞུང་གི་ཁ་ཐུག་ལས་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ཡང་ ཁེ་རྒུད་མ་བཏུབ་པར་ མངོན་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ཡོད་མི་དེ་ཡང་ གསུག་འབུལ་གྱི་ ཉེས་འཛུགས་དེ་ ཐོག་མའི་ཁྲིམས་འདུན་གོང་འོག་གཉིས་ཆ་ར་གིས་ ཆ་གནས་མ་མཛད་པའི་ཁར་ ཁྲིམས་མཐུན་མིན་པའི་ གནད་དོན་ཐོག་ལུ་ ཆ་མེད་བཏང་མི་ལུ་བརྟེན་ སྐབས་ཐོག་གི་ ཉེས་འཛུགས་དེ་ ཉེས་འགེལ་ཁྲིམས་དེབ་ཀྱི་ དགོངས་དོན་ལྟར་ གསུག་འབུལ་ཨིནམ་སྦེ་ ཆ་འཇོག་མཛད་དགོ་ཟེར་ སྤྱི་ཟླ་༦ པའི་ཚེས་༢༥ ལུ་ཕུལ་མི་ མཐོ་གཏུགས་བཤེར་ཡིག་ནང་བཀོད་ནུག།
གཉིས་པ་ལུ་ རྩོད་ཟླ་ཚུ་ གཞུང་གི་འགོ་དཔོན་ཨིན་རུང་ མགུ་རྫས་ལེན་ཏེ་ མཁོ་སྒྲུབ་རིན་བསྡུར་གནས་གོང་དེ་ མགུ་སྐོར་ཐོག་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ གསོ་བའི་མཁོ་ཆས་བཀྲམ་སྤེལ་བ་ བི་ཀཱསི་ཚོང་སྡེའི་མཉམ་རོགས་ དེབ་བཱ་ས་ལུ་ སྤྲོད་ནི་གི་ དཔའ་བཅམ་མི་དེ་ཡང་ དེབ་བཱ་སའི་ སོ་བཅོས་རྐང་ཁྲི་རེ་ལུ་ དངུལ་ཀྲམ་༧༥༠,༠༠༠ རེ་དང་ ནོར་རྒྱས་སྨན་བཅོས་ཁང་གི་ སོ་བཅོས་རྐང་ཁྲི་རེ་ལུ་ དངུལ་ཀྲམ་༢༡༨,༣༠༠ ཨིནམ་ལས་ དེ་གཉིས་ཀྱི་བར་ན་ དངུལ་ཀྲམ་༥༣༡,༧༠༠ ཁྱད་པར་ཐོན་ཡོད་རུང་ མཁོ་སྒྲུབ་ལམ་ལུགས་དང་ མ་འཁྲིལ་བར་ རྐང་ཁྲི་བཀྲམ་སྤེལ་གྱི་ རིན་བསྡུར་དེ་ དེབ་བཱ་ས་ལུ་ སྤྲོད་ནི་སྦེ་ གྲོས་ཐག་བཅད་ནུག་ཟེར་བཀོད་ནུག།
གསུམ་པ་འབདཝ་ད་ རྩོད་ཟླ་ཚུ་ ཕྱི་རྒྱལ་ཇར་མ་ནི་དང་ རྒྱ་ནག་ལུ་ འགྲུལ་བསྐྱོད་འབད་བའི་སྐབས་ འགྲུལ་བསྐྱོད་ཟད་རྩིས་ཀྱིས་མ་ཚད་པར་ དེབ་བཱ་ས་ལས་ དངུལ་ཀྲམ་ས་ཡ་༡.༢༧༨ ལེན་ཡོད་པའི་ མངོན་རྟགས་ཐོན་ཡོདཔ་ལས་ མངོན་མཐོ་ཁྲིམས་འདུན་ནས་ ཡང་བསྐྱར་བདེན་རྫུན་དབྱེ་དཔྱད་མཛད་དགོ་པའི་ གསོལ་འདེབས་བཀོད་ནུག།
དེ་འབདཝ་ད་ མངོན་མཐོ་ཁྲིམས་འདུན་ལས་ བཀའ་གྲོས་མཛད་སྐབས་ ཅ་ཆས་མཁོ་སྒྲུབ་ཀྱི་ རིན་བསྡུར་ཐད་ཁར་ དེབ་བཱ་ས་ལུ་ རིན་བསྡུར་གནས་གོང་སྤྲོད་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཙམ་མ་གཏོགས་ བཀྲམ་སྤེལ་མཁོ་མངགས་ཀྱི་ གནང་བ་སྤྲོད་དེ་ ཅ་ཆས་མཁོ་སྒྲུབ་འབད་བའི་ སྒྲུབ་བྱེད་མེདཔ་ལས་ ཉེས་ལས་འཐབ་པའི་གྲངས་སུ་ ཆ་འཇོག་མཛད་ཐབས་མ་བྱུངམ་ལས་ མཐོ་གཏུགས་བཤེར་ཡིག་དེ་ ཕྱིར་འབུད་མཛད་ཅི་ཟེར་ མངོན་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་ནང་བཀོད་ནུག།
དེ་མ་ཚད་ ཇར་མ་ནི་དང་ རྒྱ་ནག་ལུ་ འགྲུས་བསྐྱོད་འབད་བའི་སྐབས་ དངུལ་ལེན་པའི་འབྲེལ་གནད་ཀྱི་ཐད་ཁར་ རྩོད་དཔོན་ཡོངས་ཁྱབ་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁ་ཐུག་ལས་ འགྲུལ་བསྐྱོད་གནང་བ་སྤྲོད་མི་ དབང་ཚད་ཅན་གྱི་ འགོ་དཔོན་ཚུ་ལུ་ ཉེས་འཛུགས་ཚངམ་སྦེ་བཀོད་པའི་ སྒྲུབ་བྱེད་མེདཔ་ལས་ དངུལ་ཀྲམ་ས་ཡ་༡.༢༧༨ སླར་ལོག་ལེན་ནིའི་ འོས་འབབ་མེད་པའི་ཁར་ འགྲུལ་བསྐྱོད་འབད་མི་དེ་ཡང་ བདག་སྐྱོང་དང་འབྲེལ་བའི་ རྩོད་རྙོགས་ཨིནམ་ལས་ འབྲེལ་ཡོད་ལྷན་ཁག་གི་ འགན་འཁྲི་དང་བསྟུན་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བཅའ་ཡིག་དང་ སྒྲིགས་གཞིའི་དགོངས་དོན་འཁྲིལ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་ཚུལ་མཐུན་འཐབ་དགོ་པའི་ འཁྲུན་ཆོད་གནང་ནུག།
ན་ཧིང་ སྤྱི་ཟླ་༥ པའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་ཟླ་༤ ལུ་ སྦྱིན་བདག་ཐོག་ འགོ་འདྲེན་འཐབ་མི་ ལྟ་སྐོར་དང་འབྲེལ་བའི་ ནང་གསུག་དང་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་ཐོག་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབད་བའི་ཤུལ་ལུ་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།
བི་ཀཱསི་ཚོང་སྡེ་དང་ དེ་གི་ ཚོང་འབྲེལ་མཉམ་འབྲེལ་པ་ ཀེ་ཨེལ་ཨེསི་ མར་ཊིན་གུ་རུབ་ཚོང་སྡེ་༢ ཀྱིས་ ཁོང་གིས་ བཀྲམ་སྤེལ་འབད་མི་ གསོ་བའི་མཁོ་ཆས་ཚུ་ ལྟ་སྐོར་འབད་བར་ འོང་འདོད་ཡོད་པ་ཅིན་ ཤོག་ཟེར་བའི་ མགྲོན་བརྡ་ཡི་གུ་ སྤྱི་ལོ་༢༠༠༩ ཟླཝ་༥ པའི་ཚེས་༡༤ ལུ་ གསོ་བའི་ལྷན་ཁག་ལུ་ བཏང་ཡོདཔ་བཞིན་དུ་ ཡི་གུ་ནང་ ལྟ་སྐོར་དང་འབྲེལ་བའི་ ཟད་འགྲོ་ཚུ་ག་ར་ མགྲོན་བརྡ་འབད་མི་ ཚོང་སྡེ་གིས་ གཏང་ནི་ཨིན་པའི་ ཁས་བླངས་འབད་ཡོདཔ་ཨིན་པས།
མགྲོན་བརྡའི་ཡི་གུ་དང་འཁྲིལ་ གསོ་བའི་ལྷན་ཁག་གི་ མི་སྟོབས་ཚོགས་ཆུང་གིས་ བདག་སྐྱོང་དང་འབྲེལ་བའི་ ལམ་ལུགས་དང་འཁྲིལ་ གསོ་བའི་མཁོ་ཆས་ལྟ་ཞིབ་འབད་བར་ གསོ་བའི་འགོ་དཔོན་ཚུ་ བཏང་ཡོདཔ་ཨིན་པས།
ལྟ་སྐོར་གྱི་སྐབས་ལུ་ ཚོང་སྡེ་དེ་གཉིས་ཀྱིས་ གསོ་བའི་འགོ་དཔོན་རེ་ལུ་ ཇར་མ་ནི་ལུ་འགྱོཝ་ད་ ཡུ་རོ་༡,༥༠༠ དང་ དངུལ་ཀྲམ་༩༣,༣༢༣ རེ་དང་ རྒྱ་ནག་ལུ་འགྱོ་བའི་སྐབས་ ཌོ་ལར་༡,༥༠༠ རེ་དང་ དངུལ་ཀྲམ་༧༣,༥༧༤ རེ་སྤྲོད་ཡོདཔ་ ངེས་བདེན་ཨིན་རུང་ ལྟ་སྐོར་ལུ་ འགོ་དཔོན་༤ གིས་ ཐག་རང་བཅད་ཐོག་མིན་པར་ གསོ་བའི་ལྷན་ཁག་གིས་ གནང་བ་གྲུབ་མི་དང་འཁྲིལ་ སོང་ཡོདཔ་མ་གཏོགས་ གཞུང་ལུ་ སྐུ་གྱོང་ག་ནི་ཡང་ མ་ཕོག་པས་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་མ་ཚད་ ལྟ་སྐོར་འབད་བའི་རྗེས་སུ་ གསོ་བའི་མཁོ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་དོན་ལུ་ ཁས་ལེན་གནས་གོང་རིན་བསྡུར་འབདཝ་ད་ གོང་ཚད་ཉུང་ཤོས་བཀོད་མི་ ནོར་རྒྱས་མེ་ཌི་ཀཱལ་ཨིན་རུང་ བི་ཀཱསི་མེ་ཌི་ཀཱལ་གྱི་མཉམ་རོགས་ དེབ་བཱ་ས་ལུ་ བྱིན་ནི་གི་ དཔའ་བཅམ་ཡོདཔ་ལས་ གསུག་འབུལ་དང་ ཡིག་ཚང་བྱ་སྤྱོད་ངན་པའི་ གནོད་འགེལ་འཐབ་པའི་ ཉེས་འཛུགས་འབད་ནུག།
དེ་འབདཝ་ད་ ཆེ་མཐོ་ཁྲིམས་འདུན་གྱིས་ དབྱེ་བཤེར་མཛདཔ་ད་ རྩོད་ཟླ་ཚུ་གིས་ རང་སོའི་འགན་འཁྲི་དང་འཁྲིལ་མ་གཏོགས་ མི་ངོ་རེ་རེ་གཉིས་ཀྱི་ ཁས་ལེན་གནས་གོང་བཙག་འཐུ་དང་ རིན་བསྡུར་ཐག་བཅད་གྲུབ་ཐབས་མེད་པའི་ ངོས་འཛིན་བྱུང་མི་ལུ་བརྟེན་ ཁོང་༤ ལུ་ ཉེས་ཁྲིམས་བཀལ་ཐབས་མ་བྱུངམ་ལས་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ རང་འཇགས་སྦེ་ གཞི་འཛིན་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment