གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླངམོ་ཆེ་ཚུ་ མདེའུ་མེད་པའི་ཀྲོབ་མདའ་རྐྱབ་ཐོག་ལས་ བདའ་བཏང་ཡོདཔ།

༡༩/༧/༢༠༡༣  
༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ གླངམོ་ཆེ་ཚུ་ལུ་བརྟེན་པའི་ དཀའ་ངལ་ཚུ་ དུས་བཞི་ག་རའི་ནང་ ཐོནམ་ཐོན་ས་ར་ སྡོད་དོ་ཡོད་མི་དང་འཁྲིལ་ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ ཕྱི་རུ་ཁམས་ཅིག་ཁར་ཡང་ སྨན་གྲུབ་གླིང་གཡུས་ཚན་ནང་ སྨན་གྲུབ་གླིང་གི་ ཚོགས་པ་བགྲེསཔ་ ཌམ་བར་སིང་ བུ་ཇེལ་གྱིས་ འགྲུལ་འཕྲིན་ཐོག་ལས་ སླབ་མིའི་ནང་ དེ་ཚེ་ནུབ་མོ་ ཁོ་གི་ཁྱིམ་གྱི་ལྟག་ལུ་ ཁྱིམ་ཚང་གི་ གེ་ཟ་ཞིང་ནང་ གླངམོ་ཆེ་༨ ཐོན་ཏེ་ གེ་ཟ་བཟའ་ཡོདཔ་ད་ གཡུས་མི་ཚུ་ག་ར་ ཁ་བསྡོམས་རུང་ བདའ་མ་ཚུགས་པའི་ དཀའ་ངལ་ཐོན་ཡི་ཟེར་ཨིན་པས།



ཁོ་གིས་ གོ་ལ་ར་རྡུག་ཚུ་ ས་མར་ཁུ་ནང་སྦང་ཐོག་ལས་ མེ་བཏེགས་ཡོད་རུང་ གླངམོ་ཆེ་ཚུ་གིས་ བྱོག་འགྱོ་ནི་ཕར་བཞག་ མི་ཚུ་འབད་སར་ འོང་ཡི་ཟེར་ཨིན་པས།
གླངམོ་ཆེ་ཚུ་ བདའ་བཏང་མ་ཚུགས་པའི་ཤུལ་ལུ་ ཁོང་གིས་ ནགས་ཚལ་འགོ་དཔོན་ཚུ་ལུ་ འགྲུལ་འཕྲིན་བཏང་སྟེ་ འབོ་མི་དང་འཁྲིལ་ ནགས་ཚལ་འགོ་དཔོན་ཚུ་གིས་ གཡུས་ཚན་ནང་འོང་སྟེ་ མདིའུ་མེད་པའི་ ཀྲོབ་མདའ་རྐྱབ་ཐོག་ལས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
གཡུས་མི་གཞན་མི་ཅིག་གིས་ བཤད་མིའི་ནང་ དེ་བསྒང་ གླངམོ་ཆེ་ཚུ་གིས་ ཐག་རིང་སར་ འགྱོ་མ་བཏུབ་ལས་ ལོག་འོང་བའི་ ཚ་གྱང་ལུ་བརྟེན་ ནུབམོ་གཅིག་ར་ ཞག་ཉལ་མ་ཚུགས་ཟེར་ཨིན་པས།
ད་ལྟོ་ གཡུས་ཚན་གྱི་ ས་ཁོངས་དེ་ནང་ལས་ སོང་ཡོདཔ་བཟུམ་ཅིག་སྦེ་ མཐོང་དོ་ཡོདཔ་རུང་ ད་རུང་ ལོག་འོང་ནིའི་ ཉེན་ཁ་ཡོད་ཟེར་ཨིན་པས།
གཡུས་ཚན་ནང་སྡོད་མི་ ས་རི་ཀ་གིས་འབད་བ་ཅིན་ གཡུས་ཚན་དེ་ནང་ལས་ བདའ་བཏང་མི་གླངམོ་ཆེ་ཚུ་ ནུབ་མོ་ གཡུས་ཚན་དེ་གི་ འོག་ལས་མར་ཡོད་པའི་ ཞིང་ཚུ་ནང་ཐོན་ནུག་ཟེར་ཨིན་པས།
གཡུས་ཚན་ནང་ གླངམོ་ཆེ་བདའ་བར་སོང་མི་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ ནགས་ཚལ་འགོ་དཔོན་ ཊེག་བཱ་དུར་ གུ་རུང་གིས་ སླབ་མིའི་ནང་ གཡུས་མི་ཚུ་གིས་ སྙན་ཞུ་ལྷོད་མི་དང་འཁྲིལ་ གླངམོ་ཆེ་བདའ་བར་འགྱོ་ནི་དེ་ ཨ་རྟག་གི་ ལཱ་ཅིག་ཨིན་ཟེར་ཨིན་པས།
སྨན་གྲུབ་གླིང་གཡུས་ཚན་ནང་ གླངམོ་ཆེ་ཚུ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལས་ར་ ཐོན་ནུག་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་གི་གྲས་ལས་ཅིག་ སྤྱི་ཟླ་༧ པའི་ཚེས་༡༦ གྱི་ནུབ་མོ་ དུང་དཀར་གླིང་གཡུས་ཚན་ནང་ལས་ ཁོང་གིས་བདའ་བཏང་མི་དེ་ ཨིན་པས་ཟེར་ ཊེག་བྷ་དུར་གྱིས་ སླབ་ཡོདཔ་ཨིན།
གླངམོ་ཆེ་ཚུ་ བདའ་ནིའི་དོན་ལུ་ མདེའུ་མེད་པའི་ ཀྲོབ་མདའ་ཚར་༡༠ དེ་ཅིག་ རྐྱབ་དགོཔ་ཐོན་ཡི་ཟེར་ཨིནམ་ད་ གླངམོ་ཆེ་ཚུ་ ས་གནས་ནང་ལས་ འགྱོ་བའི་ཤུལ་ལས་ཡང་ དྲོ་པའི་ཆུ་ཚོད་༥ ཚུན་ གཡུས་ཚན་དེ་ནང་ར་ སྒུག་སྡོད་ཅི་ཟེར་ཨིན་པས།
ནགས་ཚལ་འགོ་དཔོན་གྱིས་ བཤད་མིའི་ནང་ ད་རེས་ནངས་པ་ གེ་ཟའི་དུས་ཚོད་འབད་ནི་དེ་གིས་ གླངམོ་ཆེ་ཚུ་ གཡུས་ཚན་ནང་ ལོ་ཐོག་ཚུ་བཟའ་བར་ ཐོན་དོ་ཡོདཔ་ད་ དེ་གི་ཤུལ་ལས་ འབྱ་བཟའ་བར་ འོང་དོ་ཡོདཔ་ལས་ དྲུང་ཁག་ནང་ གླངམོ་ཆེ་གི་གནོད་སྐྱོན་ལུ་ དུས་ཚོད་རྩ་ལས་ར་ མེད་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་ནང་ གླངམོ་ཆེ་ཚུ་གིས་ གེ་ཟ་དང་ འབྱ་གི་ལྕངམ་ཚུ་ལུ་ གནོདཔ་བཀལ་དོ་ཡོདཔ་ད་ བདུན་ཕྲག་ཅིག་དེ་ཅིག་གི་ ཧེ་མ་ཡང་ སྨན་གྲུབ་གླིང་གི་ གཡུས་མི་ཅིག་གི་ གེ་ཟ་ཚུ་ བཟའ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment