གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུ་གཟར་སྒང་ སོ་ནམ་མཉམ་ལས་ཚོགས་སྡེ་གིས་ ཆུམ་གྱི་ཐོན་སྐྱེད་ ཡར་སེང་འབད་ནི་ལུ་བརྩོན་ཤུགས།

༢༠/༧/༢༠༡༣   ༉  ད་རེས་ནངས་པ་ ལྕང་ལཱའི་དུས་ཚོད་ཨིནམ་བཞིན་དུ་ གསར་སྤང་རྫོང་ཁག་ ཆུ་གཟར་སྒང་རྒེད་འོག་གི་མི་སེར་ཚུ་ ཨ་རིང་རྒྱ་སྦོམ་སྦེ་ཡོད་མི་ལུ་བརྟེན་ འཕྲུལ་གླང་གིས་ ཁྱབ་མ་ཚུགས་པའི་ དཀའ་ངལ་ཡོད་རུང་ སྐོར་རྒྱབ་བཟོ་སྟེ་ ཁོང་རའི་ལྕང་ལཱ་ཚུ་ བཙག་འཐུའི་ཉིནམ་གཅིག་ ངལ་གསོ་བཞག་པའི་ཤུལ་ལས་ འཕྲོ་མཐུད་དེ་ར་ འབད་ནི་འགོ་བཙུགས་ཏེ་ཡོདཔ་ཨིན་པས།
ལྕང་ལཱ་རྐྱབ་མི་ ཨམ་ཀུན་བཟང་།


ལོ་ཨ་རྟག་ར་ སྤྱི་ཟླ་༥ པ་ལས་འགོ་བཙུགས་ཏེ་ སྤྱི་ཟླ་༨ པའི་ཟླ་ཕྱེད་ཚུན་ འབད་དོ་ཡོད་མི་ ལྕང་ལཱ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་ནིའི་དོན་ལུ་ སོ་ནམ་ལྷན་ཁག་གི་ ཞིང་རྨོ་འཕྲུལ་༥ དང་ སྒེར་གྱི་ཞིང་རྨོ་འཕྲུལ་༣ དེ་ལས་ མི་སྡེའི་དཔེ་མཛོད་ཁང་གི་༡ འབདཝ་ད་ ཞིང་རྨོ་འཕྲུལ་༩ ཡོད་མི་ཚུ་ལུ་ ག་ཐོབ་རྐྱབ་བཞིན་དུ་ ཚ་ངེར་བཏོན་ཏེ་ ལཱ་འབད་དོ་ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་འོག་གི་ སོ་ནམ་འཕྲུལ་ཆས་ལྟེ་བ་ནང་ལས་ འཕྲུལ་ཆས་ཚུ་ཡང་ སྤྱི་ལོ་༢༠༠༩ ལུ་ སོ་ནམ་ལྷན་ཁག་གིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཐོག་ལས་ འཐུས་མི་༢༠༩ འབད་མི་ སོ་ནམ་མཉམ་ལས་ཚོགས་སྡེ་དེ་ གཞི་བཙུགས་འབད་བའི་ཤུལ་ལས་ བགོ་བཀྲམ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་ཚུ་ལུ་ ཉུང་ཤོས་ཨ་རིང་ཨེ་ཀར་༢ དང་ མཐོ་ཤོས་༥ གི་བར་ན་ཡོདཔ་ད་ ཞིང་རྨོ་ནིའི་དོན་ལུ་ ཨེ་ཀར་རེ་ལུ་ ཞིང་རྨོ་འཕྲུལ་གྱི་གླ་འཐུས་ དངུལ་ཀྲམ་༢༡༠༠ དང་ འདམ་བསྣད་ནིའི་དོན་ལུ་ ཨེ་ཀར་རེ་ལུ་ དངུལ་ཀྲམ་༡༨༠༠ རེ་ ལེན་དོ་ཡོདཔ་ཨིན་པས།
ཨ་རིང་ཨེ་ཀར་༡ ལས་ ཡར་བཅད་ཡོད་མི་ཚུ་གི་གྲས་ལས་ ཞིང་རྨོ་འཕྲུལ་དགོས་འདོད་ཡོད་མི་ཚུ་གིས་ ཐོ་བཀོད་རྐྱབ་དགོ་དོ་ཡོདཔ་ད་ ད་རེས་ནངས་པ་ ཞིང་རྨོ་འཕྲུལ་གྱི་དོན་ལུ་ མི་སེར་སོ་ནམ་པ་༧༩ གིས་ ཐོ་བཀོད་འབད་ཡོད་པའི་གྲས་ལས་༢༠ གིས་ ཁོང་གི་ སྐོར་རྒྱབ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ ཆུ་ཞིང་རྒྱ་སྦོམ་ཡོད་ནི་དེ་གིས་ གླང་བཙུགས་ཏེ་ལྕང་ལཱ་རྐྱབ་ནི་ལས་ ཞིང་རྨོ་འཕྲུལ་ ཐོག་ལས་འབད་མི་དེ་ ཁེ་ཕན་ཆེ་བས་ཟེར་ཨིན་པས།
ཆུ་གཟར་སྒང་རྒེད་འོག་ སྤང་ཟོར་གཡུས་ཚན་ནང་ལས་ སྐྱེས་ལོ་༤༠ ལང་མི་ ཨོ་རྒྱན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་ལུ་ ཨ་རིང་ཨེ་ཀར་༤ ཡོདཔ་ད་ གླང་བཙུགས་ཏེ་འབད་དགོ་པ་ཅིན་ དུས་ཡུན་ཡང་ ཐེབས་འགོར་བའི་ཁར་ ཟད་འགྲོ་ཐེབས་འགྱོ་དོ་ཡོདཔ་ལས་ ཞིང་རྨོ་འཕྲུལ་ཐོག་འབད་ནི་དེ་ ཁེ་ཕན་ཆེ་བས་ཟེར་ཨིན་པས།
དེ་དང་གཅིག་ཁར་ སོ་ནམ་འཕྲུལ་ཆས་ལྟེ་བ་ནང་ལས་ འབྱ་འཐག་ནིའི་འཕྲུལ་ཆས་ཅིག་ཡང་ གཞི་བཙུགས་འབད་བྱིན་ཡོད་མི་དེ་ ད་ཚུན་ མཉམ་ལས་ཚོགས་སྡེ་གིས་ འཛིན་སྐྱོང་འཐབ་སྟེ་ འབྱ་ཚུ་འཐག་ཞིནམ་ལས་ མཉམ་ལས་ཚོགས་སྡེ་གི་ཚོང་ཁང་ནང་ལས་ ཆུ་གཟར་སྒང་ཆུམ་ཟེར་ ཀེ་ཇི་༥ དང་༡༠ དེ་ལས་༢༠ ཚུན་ དབྱེ་ཚན་༣ བཟོ་ཞིནམ་ལས་ ཕད་ཙེ་ནང་འདེགས་ཏེ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༤༡ དང་༤༦ དེ་རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཚོང་ཁང་ནང་ལས་ ད་རུང་ མི་སེར་སོ་ནམ་པ་ཚུ་གིས་ བཟོ་འབག་འོང་མི་ མཛརཝ་ཡང་ བཙོང་དོ་ཡོདཔ་ཨིན་པས།
འབྱ་འཛུགས་སྐྱོང་གི་དོན་ལུ་ ཚོགས་སྡེ་གིས་ འཐུས་མི་ཚུ་ལུ་ དུས་ཡུན་ཟླ་ངོ་༦ གི་དོན་ལུ་ སྐྱེད་༥ རེ་འབད་དེ་ བསྐྱིན་འགྲུལ་བྱིན་དོ་ཡོདཔ་ད་ བསྐྱིན་ཚབ་དེ་ འབྱ་ལེན་དོ་ཡོདཔ་ཨིན་པས།
ད་ཚུན་ལུ་ ཚོགས་སྡེ་གིས་ འཐུས་མི་ཚུ་ལུ་ བསྐྱིད་འགྲུལ་དངུལ་ཀྲམ་༥༠,༠༠༠ བྱིན་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་ཚུ་གིས་ སླབ་མིའི་ནང་ འབྱ་གི་མཁོ་འདོད་བཀོད་མི་ ལེ་ཤ་ཐོན་མི་ལུ་བརྟེན་ འཐོན་སྐྱེད་རྒྱ་བསྐྱེད་འབད་ནི་དང་ ཚོང་ཁང་ཚུ་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
མཉམ་ལས་ཚོགས་སྡེའི་འཛིན་སྐྱོང་པ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ལུ་ ཐོན་སྐྱེད་ཚུ་ བར་འབྲེལ་བ་ཚུ་གིས་ ཕྲངམ་ཕྲང་སར་ ཚོགས་སྡེའི་ཚོང་ཁང་ནང་འོང་སྟེ་ ཉོ་འབག་འགྱོ་ཞིནམ་ལས་ བཙོང་དོ་ཡོད་རུང་ ད་ལས་ཕར་ འགོ་ཐོག་ལུ་ དགེ་ལེགས་ཕུག་ཁྲོམ་ཁར་ ངོ་ཚབ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ད་ ཤུལ་ལས་ ཐིམ་ཕུ་ལུ་ཡང་ ངོ་ཚབ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
མཉམ་ལས་ཚོགས་སྡེ་གིས་ སྤྱི་ལོ་༢༠༡༠ ལུ་ ཆུམ་ཀེ་ཇི་༣༧,༧༠༨ དང་ ༢༠༡༡ ལུ་ ཀེ་ཇི་༣༠,༩༩༠ དེ་ལས་ སྤྱི་ལོ་༢༠༡༢ ལུ་ ཀེ་ཇི་༢༡,༤༩༠ བཙོང་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཐོན་སྐྱེད་ལུ་ དུམ་གྲ་ཅིག་ མར་བབས་འགྱོ་དོ་ཡོད་མི་དེ་ཡང་ མ་གཞི་ ཆུ་གཟར་སྒང་གི་ སོ་ནམ་པ་ཚུ་གིས་ འབྱ་གི་རིགས་མ་འདྲཝ་༡༣ དེ་ཅིག་ འཛུགས་སྐྱོང་འབད་དོ་ཡོད་རུང་ ད་ལས་ཕར་ ཚོང་མགྲོན་པ་ཚུ་གིས་ མཁོ་འདོད་མངམ་བཀོད་མི་ འབྱ་གི་རིགས་དག་པ་ཅིག་ འཛུགས་སྐྱོང་འབད་བཅུག་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ འཛིན་སྐྱོང་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment