གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༣/༧/༢༠༡༣   སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་ལས་ ཤེས་རྟོགས་བྱུང་དགོཔ་ ལེ་ཤ་ཡོདཔ།
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་འདི་ ཚུལ་ལྡན་མ་འགྱོ་བའི་སྐོར་ སྤྱིར་བཏང་མི་མང་གིས་ མོས་མཐུན་བྱུངམ་ཨིན་མས།
དུས་ཅིའི་ བཙག་འཐུ་འདི་ འབྲུག་མི་མང་ཤོས་ཅིག་གིས་ ནམ་ཡང་བརྗེད་མི་ཚུགས་ནི་དང་ ཤེས་ཡོན་ཅན་ལ་ལུ་ཅིག་གི་དོན་ལུ་ མ་འོངས་པར་ བྱུང་རྐྱེན་གྱི་སྐོར་ རྩོམ་འབྲི་འབད་ནི་གི་ གོ་སྐབས་ཅིག་ཡང་ཨིན་མས།



བཙག་འཐུའི་བྱ་རིམ་ལུ་ལྟ་སྟེ་ ཚོགས་རྒྱན་སྐྱུར་མི་ མང་ཤོས་ར་ སེམས་ཕམ་ཡིད་སྐྱོ་བའི་ གནས་སྟངས་ལུ་ གྱུར་ཡོད་མི་དེ་ཡང་ འབྲེལ་ཡོད་དབང་འཛིན་གྱི་ ཁ་ཐུག་ལས་ ངོས་ལེན་དམ་སྒྲིང་མ་འབད་བའི་ སྐྱོན་ལུ་བརྟེན་ཨིནམ་ད་ བརྡ་བརྒྱུད་ཀྱི་ ཁ་ཐུག་ལས་ཡང་ འགན་ཁུར་ཚུལ་མཐུན་མ་འབགཔ་སྦེ་ ཉོགས་བཤད་བཀོད་མི་ཡང་ཐོན་ཡི།
མི་ཚུ་གིས་ ཉོགས་བཤད་བཀོད་མིའི་ གནད་དོན་གཙོ་བོ་ཅིག་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གཡོ་སྒྱུར་འབད་བའི་སྐོར་ལས་ཨིནམ་ལས་ མ་འོངས་པ་ལུ་ ཚུལ་མིན་ལག་ལེན་བཀག་ཐབས་ལུ་ འགྲེམ་ཐོག་ཚོགས་རྒྱན་མེདཔ་བཟོ་ཐོག་ལས་ རང་ལཱ་འབད་སའི་ ས་གོ་དང་ ཡང་ཅིན་ ཉེ་འདབས་ཀྱི་ ཁྲོམ་སྡེ་ཚུ་ནང་ ཚོགས་རྒྱན་ས་ཁོངས་གང་མང་བཟོ་དགོ་པའི་ གྲོས་འཆར་ཡང་ བཀོདཔ་ཨིན་མས།
ད་རིས་ཀྱི་ གཞུང་སྐྱོང་གསརཔ་དང་ ལྡོག་ཕྱོགས་ཚོགས་པ་གཉིས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་བརྟན་ཏོག་ཏོ་མེད་པའི་སྐོར་ གྲོས་བསྡུར་གནང་སྟེ་ བཙག་འཐུའི་བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ འཕྲི་སྣོན་འབད་དགོཔ་འདུག། དེ་མིན་ མ་འོངས་པ་ལུ་ཡང་ འགོ་དཔོན་ཚུ་གིས་ བཀོད་བྱ་བཏང་སྟེ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གཡོ་སྒྱུར་འབད་ནི་གི་ འོས་འབབ་སྦོམ་ཡོདཔ་ཨིན། དེ་མ་ཚད་ སྐྱེས་ལོ་༡༨ ཡན་ཆད་འབད་མི་ མཐོ་རིམ་སློབ་གྲྭ་དང་ སློབ་དཔོན་སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་ལུ་ཡང་ བཀོད་བྱ་བྱིན་ཐོག་ལས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་གི་ འོས་འབབ་སྦོམ་ཡོད།
སྤྱི་ཟླ་༧ པའི་ཚེས་༡༣ ལུ་འགོ་འདྲེན་འཐབ་མི་ སྤྱིར་བཏང་བཙག་འཐུའི་ནང་ ནང་གསུག་སྤྲོད་ལེན་འབད་བའི་ ཉོགས་བཤད་ཚུ་ ཐདམ་ཐད་ཁ་ལས་ཕར་ བཀོད་ཡོད་ཡུང་ བཙག་འཐུ་ལྷན་ཚོགས་ཀྱིས་ ནང་གསུག་སྤྲོད་མི་ཚུ་ལུ་ ཉེས་བྱ་དངུལ་ཀྲམ་༣,༠༠༠ རེ་བཀལ་ཏེ་ ཉེན་བརྡ་བྱིན་བཞག་མི་དེ་གིས་ ནང་གསུག་རྐྱབ་ནི་ལུ་ ལྷག་པར་དུ་ སེམས་ཤུགས་བསྐྱེད་དོ་བཟུམ་ཅིག་ ཡར་སོ་ནུག།
ནང་གསུག་སྤྲོད་ལེན་གྱི་ བཅའ་ཡིག་དེ་ཡང་ འཕྲི་སྣོན་དང་ བསྒྱུར་བཅོས་འབད་ཐོག་ལས་ ཉེས་ཁྲིམས་དང་ ཉེས་བྱ་ཚུ་ དམ་དམ་བཟོ་ནི་དེ་ཡང་གལ་ཆེ།
ད་ལྟོ་ ལ་མ་བརྒལ་ ལ་རྩྭའི་སྦུག་དང་ ཆུ་མ་བརྒལ་ ཟམ་པའི་སྦུག་ལུ་ཟེར་ སླབ་སྲོལ་ཡོདཔ་ལས་ བཙག་འཐུ་དང་འབྲེལ་བའི་ ཚུལ་མིན་ལག་ལེན་འགོ་བཙུགསཔ་ཅིག་ར་ཨིནམ་ལས་ སྤྱི་ཚོགས་ཀྱིས་ གནད་དོན་དེ་ཚུ་ ངེས་པར་དུ་ བསལ་ཐབས་འབད་དགོ།བྱ་སྟབས་མ་བདེ་བའི་ གནད་དོན་དེ་ཚུ་ རྒྱབ་ལུ་སྐྱུར་བཞག་པ་ཅིན་ ད་ལྟོ་ ར་བཏགས་པའི་བསྒང་ཡོད་མི་ དམངས་གཙོའི་རིང་ལུགས་ཀྱི་ གཞི་འགྱམ་སྒྲིང་སྒྲིང་བཟོ་ཚུགས་ནི་དང་ རྒྱལ་ཁབ་ཀྱི་ རང་བཙན་ཡང་ རྩ་བརྟན་བཟོ་ཚུགས།
དུས་ཅིའི་བཙག་འཐུ་ནང་བྱུང་མི་ ཚུལ་མིན་ལག་ལེན་ཚུ་ མ་འོངས་པ་ལུ་ ལེགས་བསྒྱུར་གྱི་དོན་ལུ་ ལེགས་ཤོམ་ཨིནམ་སྦེ་ ངོས་ལེན་འབད་དགོ།
འདི་དང་གཅིག་ཁར་ གཞུང་རྩ་གྲོལ་བཏང་པའི་ཤུལ་ལུ་ བཙག་འཐུའི་བསྐུལ་བསྒྲགས་ཀྱི་དོན་ལས་ དུས་ཡུན་ཟླཝ་༣ གི་རིང་ གནས་སྐབས་གཞུང་ གཞི་བཙུགས་འབད་ཞིནམ་ལས་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ འགན་འཁྲི་འབག་དགོཔ་མ་གཏོགས་ བཙག་འཐུའི་བྱ་རིམ་ནང་ ཐེ་གཏོགས་འབད་ནི་དང་ སྲིད་འབྲེལ་ནང་ འབྲེལ་གཏོགས་འབད་ནི་མེདཔ་ ངེལ་བརྟན་བཟོ་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment