གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷུན་རྩེཔ་ཚུ་གིས་ བྱ་དང་ རྟ་གི་འདེམས་ངོ་རེ་ བཙག་འཐུ་འབད་དགོ་པའི་གནད་ཁུངས།

༡༧/༧/༢༠༡༣   ༉ དུས་ཅི་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་གི་སྐབས་ལུ་ ལྷུན་རྩེ་རྫོང་ཁག་གི་ འདེམས་ཁོངས་༢ ཀྱི་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་རེ་རེ་ བཙག་འཐུ་འབད་དེ་ གཞུང་སྐྱོང་དང་ ལྡོག་ཕྱོགས་ནང་ འཐུས་མི་རེ་བཙག་འཐུ་གྲུབ་མི་དེ་ དོན་དག་སྦོམ་ཡོད་ཟེར་ མཁོ་མང་རྒེད་འོག་ལས་ སྐྱེས་ལོ་༨༠ ལང་མི་ ཨ་རྒས་ རིན་ཆེན་གྱིས་ སླབ་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ ཨམ་སྲུ་ཚུ་ ཞིབ་དཔྱད་འབད་བའི་བསྒང་།


དེ་ཡང་ ཁོ་གིས་ དགོད་བྲོ་ཐོག་ལས མི་སེར་ཚུ་ལུ་ སླབ་མིའི་ནང་ མི་སེར་ཚུ་གིས་ རྟ་གི་ལས་རྟགས་ཡོད་པའི་ ཚོགས་པ་གདམ་འཐུ་འབད་མི་དེ་ སྔོན་དང་ཕུ་ སྣུམ་འཁོར་མེད་པའི་སྐབས་ལུ་ རྟ་དེ་ དོས་འབག་ནི་ལུ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ གུས་ཞབས་ཡོད་ཟེར་ཨིནམ་ད་ དེ་བཟུམ་སྦེ་ བྱ་ཁྲུང་ཁྲུང་དེ་ དམ་ཚིག་གཙང་མའི་ལྷ་བྱ་འབད་མི་ལུ་བརྟེན་ གུས་ཞབས་འབད་དགོཔ་ལས་ ལས་རྟགས་༢ ཆ་ར་ ལྷུན་རྩེཔ་ཚུ་གིས་ འདྲ་མཉམ་ཐོག་ལས་ གདམ་འཐུ་འབད་དེ་ཡོད་ཟེར་ཨིན་པས།
ཨ་རྒས་ཀྱིས་ བདེན་ཁུངས་ག་དེ་སྦེ་བཟང་དོ་ཡོདཔ་ཨིན་རུང་ འདེམས་ཁོངས་༢ ཀྱི་མི་སེར་གཞན་ཚུ་གིས་ཡང་ བསམ་འཆར་དང་ བདེན་ཁུངས་མ་འདྲཝ་བཀོད་ནི་ཡོདཔ་ད་ དེ་ཡང་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འཐུས་མི་ ཀརྨ་རང་གྲོལ་གདམ་འཐུ་འབད་མི་དེ་ ལྕོགས་གྲུབ་དང་ ཉམས་མྱོང་ལུ་ལྟ་སྟེ་ གོ་སྐབས་སྤྲོད་ཅི་ཟེར་ཨིན་པས།
འདེམས་ཁོངས་དེ་ནང་གི་མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་དེ་ གལ་སྲིད་ གཞུང་སྐྱོང་འཐོབ་ཚུགས་པ་ཅིན་ བློན་པོའི་གོ་གནས་འཐོབ་ནི་ཨིནམ་ལས་ ཚོགས་རྒྱན་བཙུགས་ཅི་ཟེར་ཨིནམ་ད་ གཞུང་སྐྱོང་ནང་ གདམ་འཐུ་མ་གྲུབ་རུང་ ལྡོག་ཕྱོགས་ནང་ ལེགས་ཤོམ་སྦེ་ ཕྱག་ཞུ་ཚུགས་པའི་ ལྕོགས་གྲུབ་ལུ་ལྟཝ་ཨིན་ཟེར་ཨིན་པས།
སྐྱེས་ལོ་༦༡ ལང་མི་ ཀརྨ་རང་གྲོལ་གྱིས་ ཚོགས་རྒྱན་བསྡོམས་༢,༣༠༢ ཐོབ་ཡོདཔ་ད་ ཁོ་གི་ དོ་འགྲན་པ་ སྐྱེས་ལོ་༢༥ ལང་མི་ བློ་བཟང་རྡོ་རྗེ་གིས་ ཚོགས་རྒྱན་༡,༦༠༦ འཐོབ་ཡོདཔ་ད་ ཁོང་༢ ཀྱི་བར་ན་ཁྱད་པར་ ཚོགས་རྒྱན་བསྡོམས་༦༩༦ ཐོན་ཡོདཔ་ཨིན་པས།
སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ སྐྱེས་ལོ་༢༥ ལང་མི་ བློ་བཟང་རྡོ་རྗེ་ལུ་ ལྕོགས་གྲུབ་ཡོད་དེ་འབད་རུང་ ད་ལྟོ་ མི་སེར་མང་ཤོས་ཅིག་གིས་ བློ་གཏད་མ་ཚུགས་མི་དེ་ ཁོ་ར་ ལོ་ན་ཆུང་ནི་དེ་གིས་ ཨིན་ཟེར་ཨིནམ་ད་ མ་འོངས་པའི་ནང་འབད་བ་ཅིན་ གོ་སྐབས་སྦོམ་འདུག་ཟེར་ སྒང་ཟུར་ལས་ བསོད་ནམས་ཀྱིས་ སླབ་ཨིན་པས།
སྨན་སྦིས་- བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༤༢ ལང་མི་ ཡེ་ཤེས་རྡོ་རྗེ་བཙག་འཐུ་འབད་ཡོདཔ་ད་ ཁོ་གིས་ ཚོགས་རྒྱན་༢,༢༧༢ འཐོབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༥༡ ལང་མི་ ཚེ་རིང་བསྟན་འཛིན་གྱིས་ ཚོགས་རྒྱན་༡,༨༨༤ ཐོབ་ཡོདཔ་བཞིན་དུ་ ཁོང་༢ ཀྱི་བར་ན་ ཚོགས་རྒྱན་༣༨༨ ཀྱིས་ ཁྱད་པར་ཐོན་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་ གདམ་འཐུ་འབད་མི་དེ་ཡང་ གལ་སྲིད་ གཞུང་སྐྱོང་གི་གོ་སྐབས་འཐོབ་པ་ཅིན་ བློན་པོའི་གོ་གནས་འཐོབ་ནི་ཨིན་ཟེར་སླབ་མི་ལུ་བརྟེན་ ལྷུན་རྩེ་རྫོང་ཁག་དེ་ ཡར་རྒྱས་འགྱོ་དགོ་པ་ཅིན་ བློན་པོ་ཅིག་ ངེས་པར་དུ་དགོཔ་མཐོང་མི་ལུ་བརྟེན་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་བསྟན་འཛིན་དེ་ ལྕོགས་གྲུབ་ག་དེ་སྦེ་ཡོད་རུང་ འདེམས་ཁོངས་ལྟ་སྐོར་ནང་ གཞན་མི་འཐུས་མི་ཚུ་བཟུམ་སྦེ་ འོང་ནི་མེདཔ་ལས་བརྟེན་ བཙག་འཐུ་འགྲུབ་ནི་ལུ་ བར་ཆད་རྐྱབ་ཅི་ཟེར་ འོས་འབབ་མ་བདེན་པའི་ལོ་རྒྱུས་ཡང་ སླབ་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment