གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལྟེ་བ་ལུ་ ལྡོག་ཕྱོགས་འདེམས་ངོ་ཐོབ་རུང་ ཤར་ཕྱོགས་རྫོང་ཁག་ནང་ བསྒྱུར་བཅོས་སོང་ཡོདཔ།

༡༧/༧/༢༠༡༣   ༉ ཐིམ་ཕུ་རྫོང་ཁག་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་པ་ སྐྱེས་ལོ་༢༥ འབད་མི་བུམོ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་ སྤྱིར་བཏང་ཚོགས་རྒྱན་གྱི་སྐབས་ལུ་ ག་ཅི་འབད་དཔ་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
བློན་པོ་བགྲེསཔ་ ཡེ་ཤེས་སྦྱིན་པ།


དེ་ཡང་ སྤྱིར་གྱི་ སྤྱི་ལོ་༢༠༠༨ ལུ་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཡོངས་ཀྱིས་ འབྲུག་ཕུན་སུམ་ཚོགས་པའི་ རེ་བ་ལས་ལྷག་སྟེ་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འབད་དེ་ བཙག་འཐུ་གྲུབ་པའི་མཐའན་མཇུག་ལུ་ དུས་ཅི་གི་ བཙག་འཐུའི་ནང་ཡང་ ཚོགས་པ་དང་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་ལུ་ རེ་བ་སྦོམ་བསྐྱེད་སྡོད་རུང་ རེ་བ་དང་ བསམ་དོན་གཉིས་ ཡ་འགལ་ལུ་གྱུར་སོཔ་ཨིན་པས།
སྤྱིར་བཏང་རྒྱལ་ཡོངས་ཚོགས་འདུའི་བཙག་འཐུ་གི་ གྲུབ་འབྲས་ལུ་ལྟ་སྟེ་ ཤར་ཕྱོགས་རྫོང་ཁག་༦ གི་མི་སེར་ཚུ་ བསྒྱུར་བཅོས་སོང་མི་དེ་ རྒྱུ་རྐྱེན་ག་ཅི་ལུ་བརྟེན་ཨིན་ན་ཤེས་རྟོགས་བྱུང་མ་ཚུགས་པའི་ཁར་ ཚོགས་པ་དེ་གིས་ གཞུང་སྐྱོང་འབད་བའི་སྐབས་ མི་སེར་གྱི་ རེ་འདོད་གྲུབ་མ་ཚུགསཔ་ཨིན་ན་ཟེར་བའི་ དོགས་པ་ཡོདཔ་ཨིན་པས།
ང་བཅས་བཟའ་ཚང་ནང་ མི་ལེ་ཤ་ཡོད་མི་མང་ཤོས་ཀྱིས་ མི་སེར་དམངས་གཙོ་ཚོགས་པ་ལུ་རྒྱབ་སྐྱོར་འབད་རུང་ ང་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་དགོཔ་བྱུང་མི་དེ་ཡང་ དང་པ་ ཚོགས་པ་ལུ་ གཞན་དང་མ་འདྲ་བའི་གཙོ་འཛིན་ཡོདཔ་མ་ཚད་ ཚོགས་པའི་ལྟ་བ་དང་ གཞི་རྩ་ འཕྲལ་ཕུགས་༢ ཀྱི་ རྒྱལ་ཁབ་རང་བཙན་ཐོག་ སྡོད་ཚུགསཔ་བཟོ་ནིའི་སྲིད་བྱུས་ དེ་ལས་ འཆར་གཞི་དང་ ལས་རིམ་ཚུ་ མ་འོངས་རྒྱལ་ཁབ་ཀྱི་མི་སེར་ལུ་ ཕན་ཐོགས་ཡོདཔ་ལས་བརྟེན་ རྒྱབ་སྐྱོར་འབདཝ་བཞིན་དུ་ ལྷོ་ཕྱོགས་ཐིམ་ཕུ་གི་ འདེམས་ངོ་ བཙག་འཐུ་གྲུབ་ཚུགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཀུན་དགའ་ཚེ་རིང་།

སྐྱེས་ལོ་༧༦ ལང་མི་ ཨ་རྒས་ཅིག་གིས་ འབད་བ་ཅིན་ ལོ་ལྔའི་ནང་འཁོད་ལུ་ རང་ལུ་དལ་དབང་དེ་ ཚར་ཅིག་ལས་བརྒལ་མེདཔ་ལས་ སྤྱི་ལོ་༢༠༠༨ ལུ་འབད་བ་ཅིན་ ང་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་ཡོད་རུང་ དུས་ཅི་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ འདེམས་ངོ་དེ་ བཙག་འཐུ་གྲུབ་ཡོད་རུང་ བློན་ཆེན་བགྲེསཔ་མཆོག་ ལྡོག་ཕྱོགས་འགོ་ཁྲིདཔ་སྦེ་ སྡོད་དགོཔ་ཐོནམ་ད་ སེམས་ཕམ་བྱུངམ་མས་ཟེར་ སླབ་ཨིན་པས།
བྱང་ཕྱོགས་ཀྱི་ འདེམས་ངོ་ཀུན་དགའ་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ ལོ་ལྔའི་རིང་ལུ་ ང་ལུ་འགན་ཁུར་སྦོམ་ཕོག་ཡོདཔ་ལས་ བསྐུལ་བསྒྲགས་འབད་བའི་སྐབས་ ཁས་བླངས་འབད་མི་ཚུ་འགྲུབ་ནིའི་དོན་ལུ འཆར་གཞི་དང་ ལས་རིམ་བརྩམས་ཏེ་ ཅི་ལྕོགས་གང་ལྕོགས་ཀྱི་ཐོག་ལས་ མི་སེར་དང་ གཞུང་ལུ་ ཞབས་ཏོག་ཞུ་ནི་ཟེར་ཨིན་པས།
བློན་པོ་བགྲེསཔ་ཡེ་ཤེས་སྦྱིན་པ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ཚོགས་དང་པའི་སྐབས་ བློན་པོ་སྦེ་ཕྱག་ཞུ་ཡོད་རུང་ ད་རེས་ མི་སེར་གྱི་བཙག་འཐུ་འབད་ཡོདཔ་ལས་ ལྡོག་ཕྱོགས་ནང་འབད་རུང་ མི་སེར་དང་ གཞུང་ལུ་ ཞབས་ཏོག་ཞུ་དགོཔ་ལས་ ག་དེ་སྦེ་ཨིན་རུང་ ཕྱག་ཞུ་ནི་ཟེར་ཨིན་པས།
སྤྱིར་བཏང་རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་ཉིནམ་ལུ་ ཐིམ་ཕུ་རྫོང་ཁག་གི་ ལྷོ་དང་ བྱང་ཕྱོགས་འདེམས་ཁོངས་༢ ཆ་ར་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་༢ ལྡོག་ཕྱོགས་ཀྱི་ གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ཡོདཔ་ཨིན་པས།
ཐིམ་ཕུ་རྫོང་ཁག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༡༢,༤༥༣ ཡོད་པའི་གྲས་ལས་ ཕོ་སྐྱེས་༥༩༠༩ དང་ ཨམ་སྲུ་༦༥༤༤ ཡོད་མི་ལས་ མི་གྲངས་༩༢༤༢ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཐིམ་ཕུ་ལྷོ་ཕྱོགས་ ལྕང་ དར་དཀར་ལ་ དགེ་བསྙེན་ སྨད་ཝང་འདེམས་ཁོངས་ལས་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༦༥༩༥ ལས་༥༡༨༡ གིས་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ཐིམ་ཕུ་ལྷོ་ཕྱོགས་འདེམས་ངོ་ ཡེ་ཤེས་སྦྱིན་པ་ལུ་ འགྲེམ་ཐོག་ཚོགས་རྒྱན་༢༠༤ དང་ རྟ་མགྲིན་དབང་མོ་ལུ་ འགྲེམ་ཐོག་ཚོགས་རྒྱན་༢༥༣ བཙུགས་ཡོདཔ་ད་ འཕྲུལ་ཆས་ཐོག་ལུ་ ཡེ་ཤེས་སྦྱིན་པ་ལུ་ ཚོགས་རྒྱན་༢༤༤༥ དང་ རྟ་མགྲིན་དབང་མོ་ལུ་ ཚོགས་རྒྱན་༢༢༧༩ བཙུགས་མི་གིས་ ཚོགས་རྒྱན་༡༡༧ གིས་ ཡེ་ཤེས་སྦྱིན་པ་ ལོག་བཙག་འཐུ་གྲུབ་ཅི།
ཐིམ་ཕུའི་བྱང་ཕྱོགས་ ཀ་ཝང་ གླིང་བཞི་ ནཱ་རོ་ སྲོས་རྒེད་འོག་ལས་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༥༨༥༨ ལས་༤༠༦༡ གིས་ ཚོགས་རྒྱན་བཙུགས་ཡོདཔ་ད་ འདེམས་ངོ་ཀུན་དགའ་ཚེ་རིང་གིས་ ཚོགས་རྒྱན་བསྡོམས་༢༠༤༧ དང་ སངས་རྒྱས་མཚོ་སྐྱིད་ཀྱིས་ ཚོགས་རྒྱན་༢༠༡༤ ཐོབ་ཡོད་མི་གིས་ ཚོགས་རྒྱན་༣༣ གྱིས་ ཁྱད་པར་ལུ་བརྟེན་ སངས་རྒྱས་མཚོ་སྐྱིད་དེ་ ཚོགས་པའི་གྲངས་སུ་ལས་ ཕྱིར་འབུད་སོང་ཡོདཔ་ཨིན་པས།
སངས་རྒྱས་མཚོ་སྐྱིད་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༦༧ དང་ ཀུན་དགའ་ཚེ་རིང་ལུ་ འགྲེམ་ཐོག་ཚོགས་རྒྱན་༡༥༩ ཐོབ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།




 

No comments:

Post a Comment