གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་ཚོགས་གླིང་གི་ ས་མཚམས་སྒོ་ར་ སྤྱི་ཟླ་༧ པའི་ཚེས་༢༦ གི་དྲོ་པ་ཚུན་ མི་ཕྱེ་ནི།

༢༥/༧/༢༠༡༣   ༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༦ མ་ལངམ་ཅིག་ཁར་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་ལུ་ ཨ་རྟག་དང་མ་འདྲ་བའི་ མཐོང་སྣང་ཅིག་ བྱུང་མི་དེ་ཡང་ ཁྲིམས་སྲུང་འགག་པ་ཚུ་གིས་ ས་མཚམས་ཀྱི་ སྒོ་ར་བསྡམ་ནི་འབདཝ་ད་ ས་མཚམས་ནང་ན་དང་ རྒྱ་གར་གྱི་ཁྲོམ་སྡེ་ ཇའི་སྒང་ལུ་སྡོད་མི་ འབྲུག་དང་ རྒྱ་གར་གྱི་ མི་གཉིས་ཆ་ར་ རྐང་འགྲུལ་པའི་ སྒོ་ར་ཁ་ཐུག་ལུ་ རྒྱུག་འགྱོ་སར་ མཐོང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ས་མཚམས་ཁར་ རྐང་འགྲུལ་པའི་སྒོ་ར་ བསྡམས་ཚརཝ་ད་ མི་ཚུ་ སྤྱགས་སྡུག་འཐབ་སྡོད་པའི་བསྒང་།


ཁྲིམས་སྲུང་འགག་པ་གིས་ རྒྱ་གར་གྱི་ སྣུམ་འཁོར་ཆེ་འབྲིང་ཆུང་གསུམ་༡༠༠ ལྷགཔ་ཅིག་ཡོད་མི་ཚུ་ ཕུན་ཚོགས་གླིང་ས་མཚམས་སྒོ་ར་ཁའི་ཕྱི་ཁར་ འགྱོ་དགོ་པའི་ དྲན་གསལ་ནན་བསྐྱར་དུ་འབད་ཡོདཔ་མ་ཚད་ ཇའི་སྒང་ལུ་ཡོད་མི་ འབྲུག་གི་སྣུམ་འཁོར་ཚུ་ ཕུན་ཚོགས་གླིང་ཁྲོམ་ནང་ བདའ་འོང་དགོཔ་སྦེ་སླབ་ནུག།
ས་མཚམས་ཀྱི་ སྒོ་ར་དེ་ ཕྱི་རུའི་ཆུ་ཚོད་༦ ལས་བསྡམས་དེ་ སྤྱི་ཟླ་༧ པའི་ཚེས་༢༦ གི་དྲོ་པར་ ཆུ་ཚོད་༦ ཚུན་ བཞག་ནི་ཨིན་མི་དེ་ཡང་ ནུབ་བེང་གཱལ་མངའ་སྡེའི་འོག་ལུ་ ཇཱལ་པའི་གུ་རི་རྫོང་ཁག་ནང་ ས་གནས་གཞུང་གི་ བཙག་འཐུའི་སྐབས་ ཉེན་སྲུང་རྒྱུན་སྐྱོང་གི་ ལྷན་ཐབས་ལུ་ཨིན་པས།
ས་མཚམས་ཕྱི་ནང་གཉིས་ཆ་རའི་ནང་ སྡོད་མི་ཚུ་ལུ་ སྤྱི་ཟླ་༧ པའི་ཚེས་༢༤ གི་ ཕྱི་རུའི་ཆུ་ཚོད་༦ ལུ་ རང་སྡོད་སའི་ ས་གོ་ཚུ་ནང་འོང་དགོཔ་སྦེ་ རེས་གཟའ་ལྷག་པ་ལས་ གསལ་བསྒྲགས་འབད་ཡོད་རུང་ མང་ཤོས་ཅིག་གིས་ ངོས་ལེན་མ་འབད་མི་ལུ་བརྟེན་ ཁ་ཙ་ ས་མཚམས་ཁར་ རྐང་འགྲུལ་པའི་ སྒོ་ར་སྒོ་བསྡམས་ད་ ཕྱོགས་གཉིས་ཆ་ར་ མི་ཚུ་ སྤྱགས་སྡུག་འཐབ་སྟེ་ སྒོ་ར་ཁར་ སྤུངས་འཛོམས་འབད་ཡོདཔ་ཨིན་པས།
མི་དེ་ཚུ་ དུས་ཚོད་ཁར་ སྒོ་ར་ནང་ན་ ལྷོད་མ་ཚུགསཔ་ལས་ ཁྲིམས་སྲུང་འགག་པ་གིས་ དུས་ཡུན་སྐར་མ་༢༠ དེ་ཅིག་ ཕར་བཤུད་རྐྱབ་ཡོདཔ་ད་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ དུས་ཚོད་ཕར་བཤུད་རྐྱབ་དགོ་མི་དེ་ཡང་ ཇའི་སྒང་ལུ་སོང་མི་ འབྲུག་མི་ཚུ་ ལོག་འོང་མ་ཚུགས་པར་ ལུས་ནི་མས་མནོ་སྟེ་ཨིན་ཟེར་ཨིན་པས།
དེ་ལས་ ཕྱི་རུའི་ཆུ་ཚོད་༦.༤༥ དེ་ཅིག་ལས་ ཕུན་ཚོགས་གླིང་ཁྲོམ་དེ་ ཕར་ཚུར་འགྲུལ་བསྐྱོད་འབད་མི་ སྣུམ་འཁོར་དང་ མི་མེད་པར་ སྟོང་ཧང་ཧ་སྦེ་ མཐོང་སྣང་བྱུང་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ ཇའི་སྒང་ལུ་སྡོད་མི་ འབྲུག་མི་༡,༠༠༠ ལྷགཔ་ཅིག་དང་ འབྲུག་གི་ས་ཁོངས་ནང་སྡོད་མི་ རྒྱ་གར་གྱི་མི་༡༠༠ ལྷགཔ་ཅིག་ཡོདཔ་ད་ རྒྱུན་འབྲེལ་བཀག་དམ་གྱི་སྐབས་ལུ་ ཇའི་སྒང་ལུ་སྡོད་མི་ གཞུང་དང་ ལས་འཛིན་ སྒེར་སྡེ་ཚུ་ནང་ ལཱ་འབད་མི་ འབྲུག་མི་ཚུ་ ཡིག་ཚང་ནང་ འགྱོ་མི་ཚུགས་ནི་དང་ སློབ་ཕྲུག་ཚུ་ཡང་ སློབ་གྲྭ་ནང་ འགྱོ་མི་ཚུགས་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment