གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་དང་ ལྷུན་རྩེ་ལུ་ བཙག་འཐུ་དང་འབྲེལ་བའི་ ལོ་རྒྱུས་ཚུ་ཞི་ཡོདཔ།

༢༤/༧/༢༠༡༣   ༉ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ རྩོད་རྙོགས་བཙུགས་ནིའི་ ཉིན་གྲངས་མཇུག་བསྡུ་ནི་ལུ་ ཉིནམ་༣ ལས་བརྒལ་མེད་རུང་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་མི་སེར་ཚུ་གིས་ ད་རེས་ནངས་པ་ བཙག་འཐུའི་ལོ་རྒྱུས་ཚུ་ སླབ་ནི་དེ་ ཞི་ཡོདཔ་ཨིན་པས།


དེ་ཡང་ ཧེ་མ་འབད་བ་ཅིན་ རྫོང་ཁག་༢ ནང་ ཡིག་ཚང་ནང་འགྱོ་མི་དང་ ཞིང་ཁར་ལཱ་འབད་བར་འགྱོ་མི་ ཚོང་པ་ དེ་ལས་ སྒེར་པ་སོ་སོ་ ག་ཏེ་ར་སྤུངས་འཛོམས་འབད་རུང་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ དགའ་མ་དགའཝ་ཚུ་ སླབ་སར་གོ་མི་དེ་ ད་ལས་ཕར་ བཙག་འཐུ་ལས་གྲུབ་མི་ འཐུས་མི་དང་ ཚོགས་པ་དེ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ ག་དེ་སྦེ་ འགྲུབ་ཚུགས་ག་མ་གཏོགས་ དགའ་མ་དགའཝ་གི་སྐོར་ལས་ ས་ཁོངས་ག་ཏེ་འབད་རུང་ བཤད་ནི་མེདཔ་ཨིན་པས།
རྫོང་ཁག་དེ་ནང་གི་ གཡུས་གོ་མང་ཤོས་ཅིག་གི་ མི་སེར་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ གཡུས་ཚན་ཁག་གི་ སྲིད་ཚོགས་ཀྱི་ ཚོགས་པའི་རྒྱབ་སྐྱོར་པ་དང་ ཚོགས་པ་ཚུ་ཡང་ཞི་སྟེ་ དགའ་མ་དགའཝ་གི་ལོ་རྒྱུས་ཚུ་ བཤད་ནི་མེདཔ་ལས་ ཕྱོགས་ལྷུང་ལ་སོགས་པའི་ གཏམ་ལོ་རྒྱུས་ཚུ་མེད་པར་ ཧེ་མའི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།
མོང་སྒར་ལས་ སོ་ནམ་པ་ ཚེ་རིང་གིས་ སླབ་མིའི་ནང་ མདང་ཞག་ཚར་གཅིག་ སྲིད་དོན་ཚོགས་པ་ མང་སུ་ཡོདཔ་ལས་བརྟེན་ ཐ་ན་ སྤུན་ཆ་ཚུ་དང་ བཟའ་ཚང་ཚུ་གི་བར་ན་ཡང་ མ་འགྲིག་པའི་ལོ་རྒྱུས་ཚུ་གོ་ཡོད་རུང་ ད་རེས་ནངས་པ་ ཚོགས་རྒྱན་གྱི་གྲུབ་འབྲས་བཏོན་པའི་ཉིནམ་ལས་ ཨ་རྟག་ཧར་ལུགས་ཀྱི་ གནས་སྟངས་ལུ་ལྷོད་དེ་ཡོདཔ་ལས་ ད་ལས་ཕར་ ཁས་བླངས་ཚུ་ལུ་ བལྟ་དགོཔ་མ་གཏོགས་ མ་འགྲིགཔ་བཟོ་དགོཔ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ཡང་ མི་སེར་ཚུ་གི་བར་ན་ སྲིད་ཚོགས་ལས་བརྟེན་ སྟབས་མ་བདེཝ་ཚུ་བྱུང་ཡོད་རུང་ དུས་ཅི་ལས་ ཚར་གཅིག་སྟབས་མ་བདེཝ་ཐོན་ཡོད་རུང་ མི་སེར་ཚུ་གིས་ འཆམ་མཐུན་འབད་ཚུགས་མི་དེ་ཡང་ དམངས་གཙོའི་གཞུང་གི་ལམ་ལུགས་ཚུ་ ཉིནམ་གཅིག་བ་ཉིནམ་གཅིག་ ཧ་གོ་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
མོང་སྒར་གྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ དུས་ཅི་ མོང་སྒར་འདེམས་ཁོངས་ནང་ དོ་འགྲན་པ་༢ རྒྱལ་ཕམ་ཕྱེ་ནི་ལུ་ དོ་འགྲན་སྦོམ་ཡོད་མི་ལུ་བརྟེན་ མི་སེར་ཚུ་གི་བར་ན་ སྟབས་མ་བདེ་བའི་ལོ་རྒྱུས་ཚུ་གོ་ཡོད་རུང་ ད་རེས་ནངས་པ་ ཕྱོགས་ལྷུང་ལ་སོགས་པའི་གཏམ་ཚུ་ བཤད་ནི་མེདཔ་ལས་ དགའ་མཐུན་ཐོག་ལུ་ཡོད་ཟེར་ཨིན་པས།
མོང་སྒར་ ཁྲོམ་གྱི་ཚོང་པ་ཅིག་གིས་ སླབ་མིའི་ནང་ ད་ལས་ཕར་ མི་སེར་ཚུ་གིས་འབད་རུང་ གཞུང་སྐྱོང་ཚོགས་པ་བཙག་འཐུ་གྲུབ་མི་ སྲིད་དོན་ཚོགས་པ་གིས་ མི་སེར་ཚུ་ལུ་ ཁས་བླངས་ག་ཅི་འབད་ཡི་ག་ དེ་འགྲུབ་ཐབས་ལུ་ མི་སེར་གཅིག་མཐུན་ཐོག་ལས་ སྐད་རྐྱབ་ནི་དེ་ཨིན་ཟེར་ཨིན་པས།
རྩ་མང་རྒེད་འོག་ལས་ སོ་ནམ་པ་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དུས་ཅི་ སྲིད་ཚོགས་ལེ་ཤ་ཐོན་ཡོདཔ་ལས་ མི་སེར་ཚུ་གི་བར་ན་ ཚར་གཅིག་དགའ་མ་དགའཝ་གི་ གཏམ་དང་ལོ་རྒྱུས་ཚུ་གོ་ཡོད་རུང་ ད་རེས་ནངས་པ་ ལོ་རྒྱུས་ཚུ་ཞི་སྟེ་ ཧེ་མའི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ད་ལས་ཕར་ གཞུང་སྐྱོང་ཚོགས་པ་སྦེ་ བཙག་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ སོ་ནམ་པ་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ རྒྱལ་པོའི་ཞིང་ལུ་ སོ་ནམ་ཐོན་སྐྱེད་ཀྱི་བཟོ་གྲྭ་ཁང་དང་ མོང་སྒར་ ལུང་ཕྱོགས་སྨན་ཁང་ནང་ སྨན་གཡོགམ་སྦྱོང་བརྡར་འབད་ས་ མོང་སྒར་ཁྲོམ་གྱི་ ཆུའི་དཀའ་ངལ་བསལ་ནི་ ལྷུན་རྩེ་དང་ མོང་སྒར་གཱོར་སྦག་སྟངས་ཀྱི་བར་ནའི་ གཞུང་ལམ་བསལ་ནི་ མཐོ་རིམ་སློབ་གྲྭ་གཞི་བཙུགས་འབད་ནི་ བློན་པོ་འཐོབ་ནི་ དེ་ལས་ ད་ལྟོ་ཚུན་ མོང་སྒར་གྱི་མི་སེར་ལ་ལུ་ཅིག་ ཡུ་ནི་པེ་ཊུ་ཟེར་བའི་ དངུལ་གྱི་འབྱིད་སྐོར་ནང་ཚུད་པའི་ དཀའ་ངལ་སེལ་ཐབས་འབད་ནི་ཨིན་ཟེར་ སླབ་མི་ཚུ་ སེམས་ཁར་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྷུན་རྩེ་རྫོང་ཁག་གི་ མི་སེར་ཚུ་གིས་འབད་རུང་ རྫོང་ཁག་དེ་ནང་ མཐོ་རིམ་སློབ་གྲྭ་དང་ ཁྲོམ་གྱི་དཀའ་ངལ་སེལ་ཐབས་ལུ་ ཁྲོམ་དཔོན་བསྐོ་བཞག་འབད་ནི་དང་ བློན་པོ་བཀལ་ནི་ དེ་ལས་ ད་རེས་ནངས་པ་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་མེདཔ་བཟོ་མི་ཚུ་ ལོག་འགོ་བཙུགས་ཏེ་ མི་སེར་གྱི་ དཀའ་ངལ་ཚུ་སེལ་ནི་ལུ་བསྒུག་ནི་མ་གཏོགས་ མི་སེར་ཚུ་གི་བར་ན་ སྲིད་ཚོགས་ཀྱི་སྐོར་ལས་ ལོ་རྒྱུས་ཚུ་བཤད་ནི་མེད་ཟེར་ཨིན་པས།
བཙན་མཁར་རྒེད་འོག་ལས་ སོ་ནམ་པ་ བཀྲིས་ཀྱིས་ སླབ་མིའི་ནང་ གཞུང་སྐྱོང་སྦེ་བཙག་འཐུ་གྲུབ་མི་ མི་སེར་དམངས་གཙོ་ཚོགས་པ་གིས་ མི་སེར་ཚུ་ལུ་ ཐད་ཀར་དུ་ ཕན་ཐོགས་ཚུགས་པའི་ ཁས་བླངས་གསལ་བསྒྲགས་ ལེ་ཤ་ཅིག་ར་འབད་ཡོདཔ་ལས་ མི་སེར་ཚུ་གིས་ འགྲུབ་ཚུགས་པའི་རེ་བ་བསྐྱེད་ཡོདཔ་མ་གཏོགས་ མདང་ཞག་བཟུམ་སྦེ་ སྲིད་ཚོགས་ཀྱི་ ལོ་རྒྱུས་འདྲ་མ་འདྲཝ་ཚུ་སླབ་ནི་མེདཔ་ལས་ མི་སེར་ཚུ་ ཧེ་མ་བཟུམ་སྦེ་ར་ མཐུན་འགྲིག་ཐོག་ལུ་ ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment