གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་གི་ མི་མང་སྐྱེལ་འདྲེན་ཊཱག་གི་དོན་ལུ་ ཤོང་ཚད་ཡར་སེང་འབད་དགོ་པའི་ཞུ་བ།

༢༤/༧/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༤ ལས་ དགེ་ལེགས་ཕུག་དང་ ཆུ་གཟར་སྒང་གི་བར་ན་ མི་མང་སྐྱེལ་འདྲེན་ཞབས་ཏོག་ཅིག་ གཞི་བཙུགས་འབད་བའི་ཤུལ་ལས་ ཟླཝ་ལྷགཔ་ཅིག་ལང་ཡོད་རུང་ ཞབས་ཏོག་གི་ མཁོ་འདོད་བཀོད་མི་ ལེ་ཤ་ཐོན་མི་ལུ་བརྟེན་ སྣུམ་འཁོར་ཊཱག་གི་ཤོང་ཚད་ ཡར་སེང་གནང་དགོ་པའི་སྐོར་ལས་ དགེ་ལེགས་ཕུག་ ལུང་ཕྱོགས་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་ཡིག་ཚང་ལུ་ ཡི་གུ་བཙུགས་ཡོདཔ་ཨིན་པས།
འགྲུལ་པ་གི་ཤོང་ཚད་ ཡར་སེང་འབད་དགོཔ་ཡོད་མི་ མི་མང་སྐྱེལ་འདྲེན་ཊཱག།


སྣུམ་འཁོར་ཊཱག་གི་ཇོ་བདག་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ སྣུམ་འཁོར་གྱི་ཤོང་ཚད་དེ་ མི་གྲངས་༣༥ གི་གནང་བ་ཡོད་རུང་ སྣུམ་འཁོར་སྦོམ་ཡོད་པའི་ཁར་ ཉིན་བསྟར་བཞིན་དུ་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ ལེ་ཤ་ཐོན་མི་ལུ་བརྟེན་  སྣུམ་འཁོར་ནང་ མ་ཤོང་ནི་དེ་གིས་ འཕྲལ་འཕྲལ་ར་ བཀོག་བཞག་དགོ་པའི་དཀའ་ངལ་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགོ་ཐོག་ལུ་ སྐྱེལ་འདྲེན་སྣུམ་འཁོར་བཏོན་པའི་སྐབས་ ལུང་ཕྱོགས་ཡིག་ཚང་གིས་ ད་རེས་ སྲིད་ཚོགས་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ སྐྱེལ་འདྲེན་འགོ་དཔོན་རྙིངམ་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ སྣུམ་འཁོར་གྱི་ ཕྱི་གཟུགས་དེ་ཡང་ རྒྱ་བསྐྱེད་རྐྱབ་སྟེ་ མི་གྲངས་༤༥ དེ་ཅིག་ ཤོངམ་སྦེ་བཟོ་ཡོདཔ་མ་ཚད་ འགྲུལ་པ་༤༧ གྱི་ ཉེན་སྲུང་ལག་ཁྱེར་ ལེན་ཡོདཔ་ལས་ རྒྱ་བསྐྱེད་ཀྱི་གནང་བ་དགོཔ་ ངེས་པར་དུ་ཡོད་ཟེར་ཨིན་པས།
འཕྲལ་ཁམས་གཅིག་ཁར་ ལུང་ཕྱོགས་ཡིག་ཚང་ལུ་ རྒེད་འོག་ཡིག་ཚང་བརྒྱུད་དེ་ འགྲུལ་པ་༤༠ འབག་ཆོག་པའི་ གནང་བ་དགོ་པའི་སྐོར་ལས་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ ལུང་ཕྱོགས་ལམ་འགྲུལ་དང་ཉེན་སྲུང་ཡིག་ཚང་གིས་ གནང་བ་བྱིན་མི་ཚུགས་ཟེར་ སླབ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ ལུང་ཕྱོགས་སྐྱེལ་འདྲེན་འགོ་དཔོན་ བོ་ལ་རྒྱལ་མཚན་གྱིས་ སླབ་མིའི་ནང་ དེ་སྦེ་ གནང་བ་བྱིན་མ་ཚུགས་མི་དེ་ཡང་ ལམ་ལུགས་དང་འཁྲིལཝ་ད་ མི་མང་སྐྱེལ་འདྲེན་གྱི་ཐད་ལུ་ སྣུམ་འཁོར་ཊཱག་གི་ ཤོང་ཚད་མཐོ་ཤོས་ མི་གྲངས་༣༥ དང་ ཌི་སི་ཨེམ་ཚུ་ལུ་འབད་བ་ཅིན་ མི་གྲངས་༢༥ ལས་ལྷག་སྟེ་ འབག་མ་ཆོགཔ་ཨིན་པས།
དཔེ་འབད་བ་ཅིན་ བཀྲ་ཤིས་སྒང་དང་ གཡང་གཉེར་རྒེད་འོག་གི་དོན་ལུ་ཨིན་མི་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་གྲུབ་མི་ སྣུམ་འཁོར་ཊཱག་གི་དོན་ལུ་ཡང་ འགྲུལ་པ་༣༥ རྐྱངམ་གཅིག་འབག་ཆོག་པའི་ གནང་བ་བྱིན་ཏེ་ཡོདཔ་ལས་ ལུང་ཕྱོགས་ཡིག་ཚང་གི་ འགོ་དཔོན་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་ཞིནམ་ལས་ ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།
མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་དེ་ ཉིན་བསྟར་བཞིན་དུ་ དྲོ་པའི་ཆུ་ཚོད་༨ ལུ་ ཆུ་གཟར་སྒང་རྒེད་འོག་ཡིག་ཚང་གི་རྩ་བ་ལས་ འགོ་བཙུགས་པའི་ཤུལ་ལུ་ གཡུས་སྒོ་སྐོར་ར་རྐྱབ་སྟེ་ ལམ་ཁར་ཐོན་སྡོད་མི་ འགྲུལ་པ་ཚུ་ འཐུ་འབག་ཞིནམ་ལས་ དགེ་ལེགས་ཕུག་ཁྲོམ་ཚུན་ སྐྱེལ་དོ་ཡོདཔ་ཨིན་པས།
ད་རུང་ ཉིན་མའི་ཆུ་ཚོད་༣ ལུ་ ལོག་སྟེ་ དགེ་ལེགས་ཕུག་ལས་ འགྲུལཔ་ཚུ་འཐུ་འབག་ཞིནམ་ལས་ རང་སོའི་ས་ཁོངས་ནང་ ཨ་རྟག་ཧར་ལུགས་སྦེ་ར་ སྐྱེལ་འདྲེན་འབད་དོ་ཡོདཔ་ཨིན་པས།
དགེ་ལེགས་ཕུག་དང་ ཆུ་གཟར་སྒང་གི་བར་ན་ ནང་འཁོད་ཀྱི་ལམ་ཚུ་བརྩིསཝ་ད་ ལམ་ཐག་ཀི་ལོ་མི་ཊར་༣༥ དེ་ཅིག་ཡོདཔ་ད་ སྐྱེལ་འདྲེན་ཞབས་ཏོག་དེ་གིས་ ལམ་ཕྱོགས་གཅིག་ལུ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་དོ་ཡོདཔ་ད་ གླ་འཐུས་དེ་ཡང་ ལམ་ཕྱོགས་གཅིག་ལུ་ འགྲུལཔ་རེ་ལས་ དངུལ་ཀྲམ་༥༠ རེ་ ལེན་དོ་ཡོདཔ་ཨིན་པས།
འཁོར་ལམ་དེ་ རྩི་གནག་མ་བཏང་མི་ལུ་བརྟེན་ སྣུམ་འཁོར་དེ་ འགྲོས་ཀྱིས་འབད་འགྱོ་དོ་ཡོདཔ་ད་ དཀའ་ངལ་སྦོམ་ཤོས་དེ་ར་ འཁོར་ལམ་གྱི་ རྒྱ་ཆུང་མི་ལུ་བརྟེན་ ལམ་སྒོར་ལྟབ་ཚུ་ནང་ལྷོདཔ་ད་ ཚར་གཅིག་གུ་བསྒྱིར་མ་ཚུགས་ནི་དེ་གིས་ ལོག་ཅི་ལོག་ཅི་ གདོང་ཁར་དང་རྒྱབ་ཁར་བཏང་སྟེ་ བསྒྱིར་དོ་ཡོདཔ་ཨིན་པས།
སྐྱེལ་འདྲེན་གྱི་ནང་ན་འབད་བ་ཅིན་ ཟུར་ཁ་ལས་ གདན་ཕཱོམ་འཐིང་མི་ སྡོད་ཁྲི་ཡུག་གཅིགམོ་༢ ཡོདཔ་ད་ དེ་ནང་ སྡོད་ཁྲི་རེ་ལུ་ མི་གྲངས་༡༧ དེ་རེ་ ཤོང་དོ་ཡོདཔ་ད་ སྡོད་ས་ཡང་ བདེ་ཏོག་ཏོ་ཡོདཔ་ད་ སྦུག་ནང་ལས་ ལོང་འགྱོ་ནིའི་དོན་ལུ་ཡང་ བཟུང་ཐག་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
སྐྱེལ་འདྲེན་ནང་ འཛུལ་འགྱོ་བའི་སྐབས་ལུ་ ལམ་ཧ་ཀ་ཧོ་ཀ་ཚུ་ནང་ལྷོདཔ་ད་ དུམ་གྲ་ཅིག་ འཐུ་བཀོག་དོ་ཡོདཔ་ཨིན་རུང་ སྤྱིར་བཏང་ལུ་ ས་གོ་ཡངས་དྲགས་དང་ བདེ་ཏོག་ཏོ་སྦེ་ཡོདཔ་མ་ཚད་ འགྲུལ་པ་ཚུ་ལུ་ཡང་ ཁེ་ཕན་སྦོམ་བྱུང་དོ་ཡོདཔ་ཨིན་པས།
འགྲུལ་པ་གི་ཤོང་ཚད་ ཡར་སེང་གི་གནང་བ་འཐོབ་པ་ཅིན་ གླ་འཁོར་ཚུ་ལུ་ གླ་ཆ་དངུལ་ཀྲམ་༡༥༠ དང་༢༠༠ གི་བར་ན་ སྤྲོད་མ་དགོ་པར་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ ས་གནས་ཀྱི་ མི་སེར་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment