གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༧/༢༠༡༣   འགན་འཁྲི་ཚུལ་ལྡན་མ་འབག་པའི་ བྱེམ་ཕོག་ཡོདཔ།
༉ ཐོག་མའི་ཁྲིམས་འདུན་དང་ མཐོ་གཏུགས་ཁྲིམས་འདུན་ཚུ་ནང་ ཡུན་རིངམོ་སྦེ་ རྩོད་བཤེར་འབད་བའི་ཤུལ་ལུ་ རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་རྙོགས་ཅན་གྱི་ རྩོད་དོན་དེ་ མཇུག་བསྡུ་ཡོདཔ་ཨིན།
རྩོད་དོན་མཇུག་བསྡུ་བའི་མཐའ་མར་ རྒུད་ཤོས་དང་ ཕམ་ཤོས་ར་ ལོ་ངོ་༨ དེ་ཅིག་གི་ཧེ་མར་ མོང་སྒར་རྒྱལ་པོའི་ཞིང་ལུ་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་སྦེ་ ཕྱག་ཞུ་མི་ ཞི་གཡོགཔ་ཚུ་ཨིན་མས།



དེ་ཡང་ ཚོགས་ཆུང་གི་ འཐུས་མི་ཚུ་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་མི་དེ་ རེས་གཟའ་ཕུར་བུ་ལུ་ མངོན་མཐོ་ཁྲིམས་འདུན་གྱིས་ ཕྱིར་འབུད་བཏང་སྟེ་ ཐོག་མའི་ཁྲིམས་འདུན་གཉིས་ཀྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་ཡོདཔ་ད་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་གྲངས་སུ་ ནང་སྲིད་བློན་པོ་བགྲེསཔ་དང་ ཞི་གཡོགཔ་གོངམ་༡༡ ཡོདཔ་ཨིན།
སྤྱི་ཟླ་༣ པའི་ཚེས་༨ ལུ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༡༩༩༩-༢༠༠༢ ལུ་ རྒྱལ་པོའི་ཞིང་གི་ ས་ཆ་བགོ་བཀྲམ་ཚུལ་ལྡན་མ་འབད་བའི་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་པ་ལུ་བརྟེན་ ཚོགས་དཔོན་བགྲེསཔ་ལུ་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ ས་ཆ་བགོ་བཀྲམ་ནང་ འབྲེལ་བ་ཡོད་མི་ ནང་སྲིད་བློན་པོ་བགྲེསཔ་དང་ ཚོགས་ཆུང་གི་ འཐུས་མི་༡༣ ལུ་ བཙོན་ཁྲིམས་ལོ་རེ་བཀལ་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ཡང་ སྤྱི་ཟླ་༥ པའི་ཚེས་༡༦ ལུ་ བསྒྱུར་བཅོས་མེད་པར་ རང་འཇགས་བཞག་ཡོད་པའི་ འཁྲུན་ཆོད་གནང་ནུག།
ཉེས་ཁྲིམས་ལུ་བརྟེན་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་གཉིས་ཀྱི་ སྲིད་དོན་དང་འབྲེལ་བའི་ ཚེ་གཡོག་དེ་ དེམ་ཅིག་སྦེ་ མཇུག་བསྡུ་ཡོདཔ་ཨིན་རུང་ ཚོགས་ཆུང་གི་ འཐུས་མི་ཚུ་གི་གྲས་ལས་ དག་པ་ཅིག་ ཞི་གཡོག་ནང་ ཕྱག་ཞུ་སྟེ་ ལོ་ངོ་༣༥ དེ་ཅིག་ ལང་ཡོདཔ་མ་ཚད་ ལ་ལུ་ཅིག་ དགོངས་ཞུའི་ལོ་གྲངས་ནང་ ལྷོད་མི་ཚུ་ ཞི་གཡོག་ནང་ལས་ དགོངས་ཞུའི་ཐོབ་ལམ་ག་ཅི་ཡང་མེད་པར་ དགོངས་ཞུ་འབད་དགོཔ་ཨིན་མས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་ལུ་ ལྟ་བ་ཅིན་ ཞི་གཡོགཔ་གང་རུང་ཅིག་ ཁྲིམས་འདུན་ལས་ ཉེས་ཁྲིམས་ཕོག་པའི་ འཁྲུན་ཆོད་གནང་པ་ཅིན་ ཞི་གཡོགཔ་དེ་ དགོངས་ཞུའི་ཐོབ་ལམ་ག་ནི་ཡང་མེད་པར་ དགོངས་གྲོལ་གཏང་ནི་ཨིནམ་ད་ ཞི་གཡོག་པའི་ བཅའ་ཁྲིམས་དང་འཁྲིལ་རུང་ ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ དགོངས་ཞུ་འབད་ནི་མ་གཏོགས་ ཐབས་ལམ་གཞན་མེདཔ་ཨིན་མས།
རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྩོད་བཤེར་འབདཝ་ད་ ཚོགས་ཆུང་གི་ འཐུས་མི་ཚུ་ བཅར་བའི་སྐབས་ རྩོད་ཟླ་མང་ཤོས་ཅིག་གིས་ར་ ཁོང་ཆ་ཁྱབ་ འཐུས་མི་སྦེ་ མིང་ཙམ་འབྲེལ་གཏོགས་འབདཝ་མ་གཏོགས་ ཁག་ཆེ་བའི་ གནད་དོན་ཚུ་ནང་ལྷོདཔ་ད་ ཚོགས་ཆུང་གི་ ཁྲི་འཛིན་ཨིན་མི་ རྫོང་བདག་གིས་ ཐག་བཅད་ཅི་ཟེར་ཞུ་ནུག།
འཐུས་མི་ཚུ་གིས་འབད་བ་ཅིན་ རྫོང་ཁག་ནང་ བདག་སྐྱོང་གི་ དབང་འཛིན་པ་དེ་ རྫོང་བདག་ཨིནམ་ལས་ ཁོང་ཆ་ཁྱབ་ཡང་ རྫོང་ཁག་གི་འོག་ལུ་ ལཱ་འབད་མི་ ཞི་གཡོགཔ་འབད་བ་ལུ་བརྟེན་ འགོ་འཛིན་གྱིས་ ག་ཅི་ར་ ཐག་བཅད་རུང་ དེ་དང་འཁྲིལ་ ངོས་ལེན་འབད་ཡོདཔ་ལས་ ཁོང་ལུ་ འཛོལ་བ་མེད་པའི་ཁར་ ཉེས་པ་ཡང་ཕོག་དགོཔ་མེད་ཟེར་ཨིན་མས།
འདི་འབདཝ་ད་ ཁྲིམས་འདུན་ཚུ་གི་ ཁ་ཐུག་ལས་འབད་བ་ཅིན་ ཚུལ་མཐུན་མིན་པའི་ ལཱ་བྱ་འཐབ་པ་ཅིན་ ཉོགས་བཤད་བཀོད་ནི་དང་ དགག་བཤེར་འབད་ནི་གི་ འགན་ཁུར་ཚུ་ ཚོགས་ཆུང་གི་ འཐུས་མི་ཚུ་གིས་ འབག་དགོཔ་ཨིན་རུང་ རང་སོའི་འགན་ཁུར་ཚུལ་ལྡན་སྦེ་ མ་འབག་པར་ འཐུས་ཤོར་བྱུང་མི་ལུ་བརྟེན་ ཉེས་ཁྲིམས་བཀལ་ཡི་ཟེར་ཨིན་མས།
འཐུས་མི་ཚུ་གིས་ རང་སོའི་འགན་ཁུར་ནང་ འཐུས་ཤོར་བྱུང་ཡོད་རུང་ ས་ཆ་བགོ་བཀྲམ་འབད་མི་ལས་ ཁེ་སང་དང་ ཡང་ཅིན་ ཕན་ཁྱད་ག་ཅི་ཡང་ མ་ཐོབ་ལས་ བཙོན་ཁྲིམས་ལོ་རེ་བཀལ་མི་དེ་ དྲང་བདེན་མ་འགྱོཝ་བཟུམ་ སྤྱིར་བཏང་ལུ་ མཐོང་སྣང་བྱུངམ་ཨིན་མས།
ཨིན་རུང་ དེ་བསྒང་ དྲནམ་བཏོན་ཏེ་ ལཱ་མ་འབད་བའི་ སྐྱོན་ལུ་བརྟེན་ གཞུང་གཡོག་ནང་ ལོ་ངོ་མང་རབས་ཅིག་གི་རིང་ ཕྱག་ཞུ་བའི་མཐའ་མར་ དགོངས་ཞུའི་ཐོབ་ལམ་ག་ནི་ཡང་མེད་པར་ དགོངས་གྲོལ་འགྱོ་དགོ་མི་དེ་ སེམས་ཕམ་བྱུང་པའི་ གཞི་དོན་ཅིག་ཨིན་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment