གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡུས་ཆང་མར་ཕབ་ཀྱི་ མོ་བཏབ་ལས་འགུལ་ མཐར་འཁྱོལ་བྱུང་དོ་ཡོདཔ།


༢༢/༥/༢༠༡༢

ཆང་ཨ་རག་བཀལ་བའི་མཐོང་སྣང།

༉ ཤར་ཕྱོགས་རྫོང་ཁག་༢ ནང་ གཡུས་ཆང་མར་ཕབ་ཀྱི་དོན་ལུ་ མོ་བཏབ་ལས་འགུལ་ཅིག་ འགོ་བཙུགས་མི་དེ་གིས་ ཧ་ལམ་ མཐར་འཁྱོལ་བྱུང་དོ་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གིས་ ལས་འགུལ་གྱི་དོན་ལུ་ མོང་སྒར་རྫོང་ཁག་གི་ ལྕགས་སི་མཁར་དང་ སྔ་ཚང་ དེ་ལས་ ཤེར་མཱུང་རྒེད་འོག་༣ དང་ ལྷུན་རྩེ་རྫོང་ཁག་འོག་གི་ སྨད་འཚོ་དང་ རྒྱ་རེད་རྒེད་འོག་༢ གདམ་ཁ་རྐྱབ་སྟེ་ཡོདཔ་ཨིན་པས།



ལས་རིམ་དེ་ མཐར་འཁྱོལ་བྱུང་ཐབས་ལུ་ རྒེད་འོག་ཚུ་ནང་ གསོ་བའི་ལས་བྱེདཔ་ཚུ་གིས་ ཆང་དང་འབྲེལ་བའི་ གོ་བརྡ་སྤྲོད་ཀྱི་ལས་རིམ་ འགོ་འདྲེན་འཐབ་ཞིནམ་ལས་ ཆང་གི་ཚོགས་པ་ཅིག་ཡང་ གཞི་བཙུགས་འབད་བའི་ཁར་ ནང་འཁོད་ཀྱི་བཅའ་ཡིག་བཟོ་ཐོག་ལས་ དེ་ལུ་ གནས་དགོཔ་སྦེ་ཡོདཔ་ཨིན་པས།
བཅའ་ཡིག་ནང་གི་དོན་ཚན་ཚུ་ཡང་ མི་ སྐྱེས་ཤི་བྱུང་བའི་སྐབས་དང་ ཚེས་བཅུ་ མི་མང་འཛོམས་ས་ དགའ་སྤྲོའི་ལས་རིམ་ དེ་ལས་ ལཱ་འབད་བའི་སྐབས་ལུ་ ཆང་བཙུགས་སྲོལ་ཡོད་མི་ཚུ་ བཀག་དམ་འབད་ཞིནམ་ལས་ དེ་གི་ཚབ་ལུ་ ཇ་དང་ བསིལ་ཆུ་ཚུ་ བྱིན་དགོཔ་སྦེ་ ཡོདཔ་ཨིན་པས།
མོང་སྒར་རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ ལྕགས་སི་མཁར་རྒཔོ་ པདྨ་རྡོ་རྗེ་གིས་འབད་བ་ཅིན་ རྒེད་འོག་གི་ལོ་བསྟར་ཚེས་བཅུའི་སྐབས་ལུ་ ཆང་བཙོང་མ་ཆོགཔ་བཟོ་མི་དེ་ མི་སེར་ཚུ་གིས་ ཚེས་བཅུ་གི་དུས་ཚོད་ལུ་ ཆང་བཙོང་ནི་དེ་གིས་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ སྤྱིར་བཏང་རྒེད་འོག་ནང་ ཆང་མར་ཕབ་ཀྱི་གྲུབ་འབྲས་དེ་ བརྒྱ་ཆ་ལས་བཅད་དེ་ འགྲུབ་མ་ཚུགས་རུང་ ཧ་ལམ་ བརྒྱ་ཆ་༩༠ དེ་ཅིག་ མཐར་འཁྱོལ་བྱུང་ཡི་ཟེར་ཨིནམ་ད་ ནང་འཁོད་ཀྱི་བཅའ་ཡིག་ནང་གསལ་བཀོད་འབད་མིའི་དོན་ཚན་ཚུ་ གལ་སྲིད་ གྲོང་མི་གཅིག་གིས་ བཅའ་ཡིག་ལས་འགལ་བའི་ ལཱ་བྱ་འཐབ་པ་ཅིན་ དང་པ་ ཉེན་བརྡ་བྱིན་ནི་ དེ་གི་ཤུལ་ལས་ རྒེད་འོག་ནང་འཁོད་ཀྱི་ ཞབས་ཏོག་མཐུན་རྐྱེན་ གྱི་ཐོབ་ལམ་ཚུ་ བཀག་ཆ་འབད་ནི་སྦེ་ བཟོ་ཡོད་ཟེར་ཨིན་པས།
ཤར་ཕྱོགས་རྫོང་ཁག་ཚུ་ནང་ གེ་ཟ་དེ་ ལོ་ཐོག་གཙོ་ཅན་ཅིག་ཨིནམ་བཞིན་དུ་ གཡུས་མི་ཚུ་གིས་ གེ་ཟ་གིས་ བཟོ་མིའི་ཆང་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
གཡུས་སྒོ་ཚུ་ནང་ ལས་རིམ་རྣམ་པ་སྣ་ཚོགས་དང་འབྲེལ་བའི་ ཆང་ལག་ལེན་འཐབ་ཐངས་ ལྷམ་པ་མ་འདྲཝ་༡༤ ལྷགཔ་ཅིག་ཡོད་ནི་དེ་གིས་ མི་སེར་ཚུ་གིས་ ཉིན་ཚན་མེད་པར་ ཆང་དེ་ལུ་ལོངས་སྤྱོད་དེ་ གཟུགས་ཁམས་ལུ་གནོདཔ་མ་ཚད་ སོ་ནམ་དང་འབྲེལ་བའི་ལཱ་འབད་ནི་ལུ་ཐོ་ཕོག་དོ་ཡོདཔ་ལས་ མོ་བཏབ་ལས་རིམ་དེ་གིས་ ཕན་ཐོགས་བྱུང་ཡི་ཟེར་ རྒྱ་རེད་རྒཔོ་ཀུན་བཟང་མི་འགྱུར་གྱིས་ བཤདཔ་ཨིན་པས།
ཁྲི་འཛིན་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཆང་མར་ཕབ་ཀྱི་གནད་དོན་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ འཚོགས་མི་ རྫོང་ཁག་ཚོགས་འདུ་ནང་ཡང་ གྲོས་གཞི་ཚུ་བྱུང་ཞིནམ་ལས་ ལས་རིམ་དེ་ རྫོང་ཁག་འོག་གི་ རྒེད་འོག་༡༧ ཆ་མཉམ་ནང་ འགོ་བཙུགས་ནི་སྦེ་ མོས་མཐུན་བྱུང་ཡི་ཟེར་ཨིན་པས།
གསོ་བའི་འགོ་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ ལས་འགུལ་དེ་ མོ་བཏབ་ཀྱི་དོན་ལུ་རྐྱངམ་གཅིག་ཨིནམ་ལས་ མ་འོངས་པར་ ས་གནས་ཁག་སོ་སོ་ཚུ་ནང་ རྒྱ་བསྐྱེད་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment