གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་མི་ཚུ་གིས་ རུ་པི་གསོག་འཇོག་འབད་དོ་ཡོདཔ།


༉ རྒྱལ་ཁབ་ནང་ རུ་པི་མ་ཐོབ་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ འབྲུག་མི་ཚུ་གིས་ རུ་པི་ཕར་སྤྲོད་ནི་ལས་ འཛེམ་དོ་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༢༧ ལང་མི་ པདྨ་ཆོས་སྒྲོན་གྱིས་ སྐྱ་སྨན་ཉོ་བར་འགྱོ་བའི་སྐབས་ ཚོང་པ་གིས་ སྐྱ་སྨན་ལུ་ གོང་ཚད་དངུལ་ཀྲམ་༡༥༠ ཨིན་ཟེར་སླབ་ད་ མོ་གིས་ དངུལ་ཁུག་ནང་ལས་ ཏི་རུ་བཏོན་པའི་སྐབས་ དངུལ་ཀྲམ་༡༣༠ དང་ རུ་པི་༢༠ གཅིག་ཁར་བཏོནམ་ད་ རུ་པི་དེ་ བཞག་ཞིནམ་ལས་ དངུལ་ཀྲམ་འཚོལ་ཏེ་ སྤྲོད་ཡོདཔ་ཨིན་པས།


པདྨ་ཆོས་སྒྲོན་བཟུམ་སྦེ་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ཡང་ རྒྱ་གར་གྱི་ཏི་རུ་ཐོབ་པའི་སྐབས་ ལག་ལེན་མ་འཐབ་པར་ བསག་བཞག་དོ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལུ་ སྡོད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རུ་པི་ཐོབ་ད་ བསྡུ་བཞག་ཞིནམ་ལས་ རྒྱ་གར་གྱི་ ས་ཁོངས་ནང་ འགྱོ་དགོཔ་ཐོན་པའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ བཞག་དོ་ཟེར་ཨིན་པས།
ཕོ་སྐྱེས་རྒས་ཤོས་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོ་གིས་ ཅ་ཆས་ཚུ་ ཉོ་བའི་སྐབས་ དངུལ་ཀྲམ་ཨིན་རུང་ རྒྱ་གར་གྱི་ཏི་རུ་ཨིན་རུང་ སྣང་དག་བསྐྱེད་ནི་མེདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ དྲན་སྟོན་འབད་དགོཔ་ལས་ རུ་པི་དེ་ འབྲུག་པའི་ཚོང་ཁང་ཚུ་ནང་ ལག་ལེན་འཐབ་ནི་མེད་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ འགོ་དང་པ་ རུ་པི་གི་ དཀའ་ངལ་ཐོན་པའི་སྐབས་ ཚ་གྱང་ལང་ཡོདཔ་ཨིན་རུང་ ད་རེས་འབད་བའི་བསྒང་ལས་ ཚ་གྱང་སྦོམ་ར་ མི་ལང་མས་ཟེར་ཨིན་པས།
བསོད་ནམས་ཆོས་འཛོམས་ཀྱིས་ བཤད་མི་དང་འཁྲིལཝ་ད་ ག་དེམ་ཅིག་སྦེ་ རྒྱ་གར་གྱི་ ས་ཁོངས་ནང་ལས་ ཅ་ཆས་ཚུ་ ཉོ་བའི་སྐབས་ ཁོང་གིས་ དངུལ་ཀྲམ་ལེན་མ་བཏུབ་པ་ཅིན་ ལོག་འབྲུག་པའི་ས་ཁར་འོང་ཞིནམ་ལས་ ཉོ་ཚོང་རྐྱབ་ཨིན་ཟེར་ཨིན་པས།
མོ་གིས་ རྒྱ་གར་གྱི་ས་ཁོངས་ནང་ འགྱོ་ནི་དེ་ཡང་ ཧེ་མ་བཟུམ་ཅིག་ར་ འགྱོ་ནི་མེད་ཟེར་ཨིནམ་ད་ དེ་ཡང་ རྒྱ་གར་གྱི་ ས་ཁོངས་ནང་ ཉོ་ཚོང་རྐྱབ་པར་འགྱོ་དགོ་པ་ཅིན་ རུ་པི་འཚོལ་ཏེ་ འབག་འགྱོ་དགོཔ་ལས་ འུར་སྡུགཔ་མས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ རུ་པི་ཐོབ་ནི་དེ་ དཀའ་ངལ་སྦོམ་ཤོས་ཅིག་ ཨིན་མས་ཟེར་ཨིན་པས། འཕྲལ་སྐབས་ ཇའི་སྒང་གི་ དངུལ་བཏོན་འཕྲུལ་ཆས་ ཨེ་ཊི་ཨེམ་ནང་ལས་ རུ་པི་བཏོན་ནི་སྦེ་ གྱལ་སྒྲིག་སྟེ་སྡོད་པའི་སྐབས་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ནང་ ཏི་རུ་རྫོགས་དོ་ཡོདཔ་ལས་ སྒུག་སྡོད་ནི་དེ་ དུས་ཚོད་ཆུས་ཟད་འགྱོཝ་མས་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ ལྷ་ཕྲུག་རྡོ་རྗེ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རུ་པི་ལང་མ་ཚུགས་པའི་ དཀའ་ངལ་ཐོན་པའི་སྐབས་ ས་མཚམས་ཕྱི་ཁར་ ཉོ་ཚོང་རྐྱབ་ནི་དེ་ དབུགས་འགམ་པའི་ གཞི་ཅིག་ཨིན་མས་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment