གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཇའི་སྒང་ལུ་ འབྲུག་མི་ཉོ་ཚོང་རྐྱབ་མིའི་གྱངས་ཁ་ ཨ་རྟག་དང་ཕྱདཔ་ད་ མར་བབས་སོང་ཡོདཔ།

ཇའི་སྒང་ཁྲོམ་གྱི་མཐོང་སྣང་།
༢༣/༥/༢༠༡༢

༉ རྒྱལ་ཁབ་ནང་ རུ་པིའི་དཀའ་ངལ་ཐོནམ་ལས་ཚུར་ འབྲུག་མི་མང་ཤོས་ཅིག་གི་སེམས་ཁར་ ཕུན་ཚོགས་གླིང་གི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ ཉོ་ཚོང་རྐྱབ་པར་འགྱོ་མི་ ག་ཡང་མེདཔ་བཟུམ་ཅིག་སྦེ་ ཚོར་དོ་ཡོདཔ་ཨིན་རུང་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ལས་ མི་ཚུ་གིས་ ཚོང་འབྲེལ་འཐབ་སར་ མཐོངམ་ཨིན་པས།
ཇའི་སྒང་ཁྲོམ་ཁར་ བཤལ་འགྱོ་བའི་སྐབས་ སྣུམ་འཁོར་བཅོ་ཁང་དང་ ཚོང་ཁང་ དེ་ལས་ ཚོད་བསྲེ་ཁྲོམ་ཚུ་ནང་ འབྲུག་མི་ཚུ་ ལེ་ཤ་ཅིག་ར་ འཁྱམས་སྡོད་སར་ མཐོངམ་ཨིན་རུང་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ རྒྱ་ཆེ་དྲགས་སྦེ་ མར་བབས་སོང་ཡོདཔ་ཨིན་པས།



དེ་བཟུམ་སྦེ་ ཚོང་ཁང་ལ་ལུ་ཅིག་ནང་ ཚོང་ཉོ་ནིའི་དོན་ལུ་ རུ་པི་མ་གཏོགས་ འབྲུག་པའི་ཏི་རུ་ཚུ་ མི་ལེན་ཟེར་བའི་ གསལ་བསྒྲགས་ཡི་གུ་ཚུ་ ཚོང་ཁང་གི་ བརྡ་བྱང་དང་ སྒོ་ཚུ་གུ་ སྦྱར་བཞག་སྟེ་ཡོདཔ་ཨིན་རུང་ ཚོང་ཁང་ལ་ལུ་ཅིག་ནང་ ཧེ་མ་བཟུམ་སྦེ་ར་ འབྲུག་པའི་ཏི་རུ་ཚུ་ ཉགས་ཉོགས་མེད་པར་ ལེན་མི་ཡང་འདུག།
ཚོང་ཁང་ལ་ལུ་ཅིག་ནང་ འབྲུག་པའི་ཏི་རུ་ཚུ་ ལེན་པའི་སྐབས་ དངུལ་ཀྲམ་༡༠༠ རེ་ལས་ དངུལ་ཀྲམ་༢༠ རེ་ ཐེབས་ལེན་དོ་ཡོདཔ་ད་ དེ་ཡང་ ཤུལ་ལས་ འབྲུག་པའི་ཏི་རུ་ཚུ་ རུ་པི་ལུ་ བརྗེ་སོར་འབད་བའི་སྐབས་ འབྲུག་པའི་ཏི་རུ་ ཐེབས་སྤྲོད་དགོཔ་ཐོན་མི་ལུ་བརྟེན་ཏེ་ཨིན་རུང་ ལ་ལུ་ཅིག་གིས་ ཐེབས་མི་ལེན་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་གྱི་ས་གནས་ ཕ་ལ་ཀ་ཊ་བཟུམ་ཅིག་ནང་འབད་རུང་ ཚོང་པ་ལ་ལུ་ཅིག་ལུ་ འབྲུག་པའི་ཏི་རུ་༢,༠༠༠ དེ་རེ་ཡོདཔ་ད་ དེ་ཚུ་ འབྲུག་མི་ཚུ་ལས་ སོར་ནིའི་དཔའ་བཅམ་པའི་སྐབས་ འབྲུག་མི་ཚུ་གིས་ ལེན་མི་བཏུབ་དོ་ཡོདཔ་ཨིན་པས།
རེས་ཚེ་སྐབས་ འབྲུག་མི་ལ་ལུ་ཅིག་གིས་ ཅ་ལ་ཚུ་གི་རིན་གོང་ལུ་ རུ་པི་སྤྲོད་པའི་སྐབས་ ཚོང་པ་ཚུ་གིས་ ཏི་རུ་ལྷག་ལུས་ཚུ་ འབྲུག་པའི་ཏི་རུ་ ལོག་སྤྲོད་དོ་ཡོདཔ་ད་ དེ་ཚུ་ འབྲུག་མི་ཚུ་གིས་ རུ་པི་ར་དགོ་ཟེར་ ཨུ་ཚུགས་བསྐྱེད་དེ་ ངོས་ལེན་འབད་མི་བཏུབ་དོ་ཡོདཔ་ཨིན་པས།
ཇའི་སྒང་ཁྲོམ་ཁར་འགྱོ་མི་ འབྲུག་མི་ཚུ་གི་གྲས་ལས་ ལ་ལུ་ཅིག་ རུ་པི་འབག་སྟེ་ ཚོང་ཉོ་བར་འགྱོ་མི་ཨིན་རུང་ ལ་ལུ་ཅིག་ རུ་པི་མེད་རུང་ བཤལ་འགྱོ་དོ་ཡོདཔ་ཨིན་པས།
ཇའི་སྒང་ལུ་ རྩེད་རིགས་ཀྱི་ ཅ་ཆས་བཙོང་མི་ ཚོང་པ་ཅིག་གིས་འབད་བ་ཅིན་ ད་ལས་ཕར་ འབྲུག་པའི་ཏི་རུ་ཚུ་ ལེན་ནི་ཡང་མེདཔ་ལས་ སྤྲོད་མི་ཡང་ མི་ཐོན་པས་ཟེར་ཨིནམ་ད་ གལ་སྲིད་ལེན་རུང་ ཁུངས་མིན་འདུག་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ བསོད་ནམས་གཡུ་སྒྲོན་གྱིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མོ་གིས་ གོ་ལ་དང་ གཞན་བཟའ་འཐུང་གི་རིགས་ཚུ་ཉོ་བར་ ཇའི་སྒང་ལུ་ར་ འགྱོ་དོ་ཡོདཔ་ཨིན་རུང་ ད་རེས་ འབྲུག་པའི་ཏི་རུ་ འགྱོ་མ་བཏུབ་མི་དང་ ཇའི་སྒང་ལུ་ སྐྱ་ནམ་གྱི་གོང་ཚད་ ཡར་སེང་འབད་མི་ལུ་བརྟེན་ ཅ་ཆས་མང་ཤོས་ཅིག་ ཕུན་ཚོགས་གླིང་ཁྲོམ་ཁར་ལས་ར་ ཉོ་དོ་ཟེར་ཨིན་པས།
ཨིན་རུང་ ཇའི་སྒང་ལུ་ ཚོད་བསྲེ་བཙོང་མི་ཚུ་གིས་ འབྲུག་པའི་ཏི་རུ་ ལེན་དོ་ཡོདཔ་ལས་ འབྲུག་ལས་ ཉོ་ནི་མེད་ཟེར་ཨིནམ་ད་ གོང་ཚད་འབད་རུང་ དུམ་གྲ་ཅིག་གིས་ ཇའི་སྒང་ལུ་ ཁེ་བས་ཟེར་ཨིན་པས།
བསོད་ནམས་གཡུ་སྒྲོན་གྱི་ཆ་རོགས་ ཨམ་སྲུ་ཅིག་གིས་འབད་བ་ཅིན་ ཇའི་སྒང་གི་ ཚོང་ཁང་ཚུ་གི་གྲས་ལས་ ལ་ལུ་ཅིག་ནང་ འབྲུག་པའི་ཏི་རུ་ལེན་དོ་ཡོདཔ་ད་ ལ་ལུ་ཅིག་ནང་ འབྲུག་པའི་ཏི་རུ་འབདཝ་ད་ གོང་ཐེབས་རྐྱབ་མི་ དེ་ལས་ ལ་ལུ་ཅིག་ནང་ འབྲུག་པའི་ཏི་རུ་ རྩ་ལས་ར་ ལེན་མ་བཏུབ་མི་ཡང་ འདུག་ཟེར་ཨིན་པས།
དཔེ་འབད་བ་ཅིན་ སྣུམ་འཁོར་གྱི་ཅ་ཆས་ཚུ་ ཉོ་འདྲེན་འབད་སའི་ས་ཁོངས་ ཧ་ལམ་ ཆ་མཉམ་ནང་ འབྲུག་པའི་ཏི་རུ་ཚུ་ ལེན་མི་བཏུབ་པས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཅ་ཆས་ཀྱི་ སྤུས་ཚད་འབད་རུང་ འབྲུག་པའི་ཚོང་ཁང་ཚུ་ལས་ ཉོ་མི་ཚུ་ར་ དྲག་དོ་ཡོདཔ་ད་ གལ་སྲིད་ ཅ་ཆས་ཚུ་ སྤུས་ཚད་ཅན་འབད་བ་ཅིན་ ཇའི་སྒང་ལུ་ཡང་ གོང་ཚད་མཐོ་དྲགས་སྦེ་ར་ སླབ་མས་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ སྒེར་སྡེའི་ཡིག་ཚང་ཅིག་ནང་ལཱ་འབད་མི་ ཀརྨ་གིས་འབད་བ་ཅིན་ མོ་གིས་ རུ་པི་ཚུ་ ཐོབ་མི་ཚུགས་དོ་ཡོདཔ་ལས་ མཁོ་ཆས་ཚུ་ འབྲུག་གི་ས་ཁོངས་ནང་ལས་ར་ ཉོ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཇའི་སྒང་ཁྲོམ་ཁར་བཤལ་ཏེ་ ཚོང་ཉོ་མི་མང་ཤོས་ཅིག་ ཕྱིའི་རྒྱལ་ཁབ་ནང་ སྦྱོང་བརྡར་གྱི་དོན་ལུ་འགྱོ་མི་དང་ ཡང་ཅིན་ གཞུང་དོན་ལུ་འགྱོ་མི་ ཞི་གཡོགཔ་ཚུ་ཨིནམ་ད་ དེ་ཡང་ ཕྱིའི་རྒྱལ་ཁབ་ནང་འགྱོ་དགོ་པའི་ གནད་དོན་གལ་ཅན་ཚུ་ ཐོན་པའི་སྐབས་ དངུལ་ཁང་ཚུ་ལས་ རུ་པི་ཐོབ་མི་ལུ་བརྟེན་ཏེ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment