གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གནས་སྟངས་དང་བསྟུན་ འགུལ་བརྙན་བཟོ་ནི་དེ་ གནད་འགག་ཅན།

ཐིམ་ཕུ་ཨ་ཐང་སྦྱོང་བརྡར་སྤེལ་ཁང་ནང་སྦེ་ 
འགུལ་བརྙན་གྱི་ སྦྱོང་བརྡར་འབད་བའི་བསྒང་།
༉ ད་ལས་ཕར་ འགུལ་བརྙན་ཟེར་མི་ སྲོག་དང་མ་ལྡན་མི་ ཅ་ཆས་ལུ་ སྲོག་མེད་རུང་ གློག་རིག་ཀམ་པུས་ཊར་ཐོག་ལས་ སྲོག་ཡོདཔ་བཟུམ་སྦེ་ རྫུས་མ་བཟོ་བཀོད་འབད་ཚུགས་ནི་ཨིན་པས།
དེ་ཡང་ བརྒྱུད་འབྲེལ་ལྷན་ཁག་གི་ བརྡ་དོན་དང་བརྡ་བརྒྱུད་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་ཨ་ཐང་སྦྱོང་བརྡར་སྤེལ་ཁང་ནང་སྦེ་ འགུལ་བརྙན་བཟོ་ནིའི་དོན་ལུ་ ཉིན་གྲངས་༥ འབད་མི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།



བརྡ་དོན་དང་བརྒྱུད་འབྲེལ་འགོ་དཔོན་ ཚེ་རིང་དོན་གྲུབ་ཀྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ད་ལྟོ་ཚུན་ འགུལ་བརྙན་བཟོ་བཀོད་འབད་མི་ཚུ་ ཁོང་རའི་ ཉམས་མྱོང་དང་ ཤེས་ཚད་ དེ་ལས་ རིག་རྩལ་ཐོག་ལས་ བཟོ་དོ་ཡོདཔ་ཨིན་རུང་ སྦྱོང་བརྡར་མ་འབད་ནི་དེ་གིས་ ཕྱི་ཁའི་ འགུལ་བརྙན་བཟོ་མི་ཚུ་དང་ དོ་འགྲན་འབད་མི་ཚུགས་པས་ཟེར་ཨིན་པས།
ད་རེས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ སྤྱི་ལོ་༢༠༡༡ ཟླ་༥ པའི་ འཕྲོ་མཐུད་ཨིནམ་ད་ བཅའ་མར་གཏོགས་མི་ཚུ་ཡང་ ན་ཧིང་ འགུལ་བརྙན་བཟོ་ནིའི་ གཞི་རྟེན་རིག་རྩལ་ལྷབ་མི་ཚུ་ཨིན་པས།
སློབ་སྟོན་པ་ ཀེ་ན་ཌ་ལས་ འགུལ་བརྙན་བཟོ་མི་མཁས་མཆོག་ ཨ་མེཌ་ཅཱལ་གྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ཚུ་གིས་ བརྩོན་ཤུགས་བསྐྱེད་དེ་ ལྷབ་སྦྱང་འབད་དོ་ཡོདཔ་ལས་ མ་འོངས་པ་ལུ་ འགུལ་བརྙན་ཚོང་འབྲེལ་ནང་ ལྷན་ཐབས་འབད་ཚུགས་ཟེར་ ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ རང་སོའི་ ཉམས་མྱོང་ཐོག་ལས་ འོད་ཀེམ་འགུལ་བརྙན་ཚུ་བཟོ་སྟེ་ མི་མང་གི་ སེམས་ཁར་འབབ་ཚུགསཔ་སྦེ་ བཟོ་བཀོད་འབད་དོ་ཡོདཔ་ད་ སྤྱིར་བཏང་མི་སྡེའི་ནང་ འགུལ་བརྙན་གྱིས་ ག་དེ་སྦེ་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་ན་ གནས་སྟངས་དང་འཁྲིལ་ཏེ་ འཆར་གཞི་བཟོ་ནིའི་སྐོར་ལས་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ སྐྱེས་ལོ་༢༣ ལང་མི་ ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ སྦྱོང་བརྡར་ལས་རིམ་དེ་གིས་ ཕན་ཐོགས་སྦོམ་འབྱུང་ཚུགས་ཟེར་ཨིནམ་ད་ དེ་ཡང་ འགུལ་བརྙན་ཚུ་ བཀོད་རིས་ལེགས་ཤོམ་བཟོ་སྟེ་ རྒྱང་མཐོང་དང་ གསར་ཤོག་ གློག་བརྙན་ཚུ་ནང་ སྟོན་ནི་ལུ་ ལྷན་ཐབས་སྦོམ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞན་གལ་ཆེ་བའི་ ལས་རིམ་ཁག་ཚུ་ནང་ ད་རེས་ནངས་པའི་གནས་སྟངས་དང་ སྤྱིར་བཏང་འགྲོ་ལུགས་དང་འཁྲིལ་ཏེ་ བཟོ་བཀོད་འབད་ཚུགས་པའི་ཁར་ གཞུང་དང་ སྒེར་སྡེ་ ལས་སྡེ་ དེ་ལས་ ལས་འཛིན་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ཚུགས་ཟེར་ བཤདཔ་ཨིན་པས།
བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ འགུལ་བརྙན་སྦྱོང་བརྡར་གྱིས་ རང་གཞན་གཉིས་ཆ་ར་ལུ་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།
འགུལ་བརྙན་གྱི་མཁས་མཆོག་ ཨ་མིཌ་ ཅཱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་འདི་ ཡར་རྒྱས་ཀྱི་གོམ་པ་ མདུན་དུ་སྤོ་བའི་བསྒང་ཡོདཔ་ལས་ འགུལ་བརྙན་བཟོ་བཀོད་ཀྱི་ ཁྱད་རིག་ཡར་དྲག་གཏང་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment