གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་མ་བསལ་ཚུན་ སྣུམ་འཁོར་ནང་འདྲེན་འབད་མི་ཚུགས་ནི།

ཟླ་རིམ་བཞིན་དུ་ མར་ཁུ་རྐྱངམ་གཅིག་ལུ་ར་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༦ དང་ ལོ་རེ་ནང་ དངུལ་ཀྲམ་དུར་ཕྱུར་༡ དེ་རེ་ གནསཔ་མས་ཟེར་ཨིན་པས།

༉ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་འགོ་བཙུགས་ཞིནམ་ལས་ཚུར་ སྣུམ་འཁོར་ནང་འདྲེན་བཀག་ཆ་འབད་མི་དེ་ རུ་པིའི་དཀའ་ངལ་བསལ་མ་ཚུགས་ཚུན་ཚོད་ འཕྲོ་མཐུད་དེ་ར་ གནས་འོང་ཟེར་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ ཐིམ་ཕུ་ལུ་ གཞུང་དང་ རྫོང་ཁག་༢༠ གི་ ཚོང་པའི་འཐུས་མི་ཚུ་གི་བར་ན་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གསུངས་ཡི།


དེ་ཡང་ གཟིམ་སྒྲ་སྣུམ་འཁོར་ཚོང་ལས་ཀྱི་ཇོ་བདག་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ གཞུང་གི་ཁ་ཐུག་ལས་ སྣུམ་འཁོར་ནང་འདྲེན་འབད་ཆོགཔ་ ནམ་ལས་འགོ་བཙུག་འོང་ག་ཟེར་ དྲི་བ་ཞུ་བའི་ལན་ལུ་ བློན་ཆེན་མཆོག་གིས་གསུངས་ཡི།
ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་འབད་བ་ཅིན་ གཞུང་གིས་ སྣུམ་འཁོར་ནང་འདྲེན་བཀག་དམ་འབད་མི་ལུ་བརྟེན་ སྣུམ་འཁོར་ཚོང་ལས་ཀྱི་ ལས་བྱེདཔ་༡,༠༠༠ ལྷགཔ་ཅིག་ དགོངས་ཞུ་འབད་དགོཔ་ ཐོན་ཡོདཔ་མ་ཚད་ རྒྱ་གར་ལུ་ སྣུམ་འཁོར་མཁོ་མངགས་འབད་མི་ཚུ་ ལེན་དགོཔ་སྦེ་ ཨུ་ཚུགས་རྐྱབ་རྐྱབ་ས་ར་ཡོད་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ དོགས་སེལ་གནང་མིའི་ནང་ རུ་པིའི་དཀའ་ངལ་ཐོན་མིའི་ རྒྱུ་རྐྱེན་ངོ་མ་ཅིག་ སྣུམ་འཁོར་ཚད་ལས་བརྒལ་ཏེ་ ནང་འདྲེན་འབད་མི་ལུ་བརྟེན་ཨིནམ་ལས་ ནང་འདྲེན་འབད་བའི་སྐབས་ རུ་པི་མང་ཤོས་ཅིག་ ཕྱི་ཁར་འགྱོ་བའི་ཁར་ མར་ཁུ་ལུ་ཡང་ ཟད་འགྲོ་སྦོམ་གནས་ནི་དེ་གིས་ རུ་པིའི་དཀའ་ངལ་བསལ་མ་ཚུགས་ཚུན་ཚོད་ ནང་འདྲེན་འབད་ཆོགཔ་ བཟོ་ནི་དེ་ ཐུགས་བཞེད་སྦོམ་སྦེ་ར་ གནང་དགོཔ་འོང་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ འོང་འབབ་ངོ་མ་ར་ གློག་མེ་ལས་འགུལ་ལས་ ཟླཝ་རེ་ལུ་ དངུལ་ཀྲམ་ས་ཡ་༧༠༠ དེ་རེ་ ཐོབ་མི་ག་ར་ སྣུམ་འཁོར་གྱི་ མར་ཁུ་ལུ་ ཟད་འགྲོ་བཏང་དགོཔ་ ཐོན་དོ་ཡོདཔ་ལས་ བཀག་དམ་མ་འབད་བ་ཅིན་ འོང་འབབ་ཐོབ་མི་ཚུ་ མར་ཁུ་ལུ་ ཟད་འགྲོ་གཏང་ནི་དེ་ མར་ཕབ་འབད་མི་ཚུགས་ནི་མས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་ཁྱབ་ ཟླཝ་བསྟན་འཛིན་གྱིས་འབད་བ་ཅིན་ རྒྱལ་ཁབ་ནང་ ལོ་གཅིག་ནང་ར་ སྣུམ་འཁོར་༨,༠༠༠ དེ་རེ་ ནང་འདྲེན་འབད་མི་ལུ་བརྟེན་ ད་རེས་ནངས་པ་ སྣུམ་འཁོར་གྱི་གྱངས་ཁ་༦༥,༠༠༠ ལྷགཔ་ཅིག་ལུ་ ལྷོད་ཡོདཔ་ལས་ ཟླ་རིམ་ཞིན་དུ་ མར་ཁུ་རྐྱངམ་གཅིག་ལུ་ར་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༦ དང་ ལོ་རེ་ནང་ དངུལ་ཀྲམ་དུར་ཕྱུར་༡ དེ་རེ་ གནསཔ་མས་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ གསུངས་མིའི་ནང་ རྒྱལ་ཁབ་ཡར་རྒྱས་འགྱོ་མི་དང་བསྟུན་ ཁྲོམ་ཁར་སྡོད་མི་ཚུ་གིས་ ཀི་ལོ་མི་ཊར་༡ དང་༢ དེ་ཅིག་གི་ས་ཁར་ཡང་ སྣུམ་འཁོར་ནང་ འགྱོ་མི་དེ་ རྐང་སྟོང་སྦེ་ ལམ་འགྱོ་མ་ཚུགས་པའི་ དཀའ་ངལ་མིན་པར་ ཁྱིམ་ཚང་དང་ མི་གཞན་ཚུ་གིས་ ཁ་གཏང་འོང་མནོ་སྟེ་ སྣུམ་འཁོར་ཉོ་མི་འདུག་ཟེར་ཨིན་པས།
དེ་བཟུམ་མའི་ མནོ་ལུགས་ཐོག་ལས་ མཁོ་སྒྲུབ་འབད་མི་ རྒྱུ་ནོར་དེ་ རྒྱུ་འདོད་ཆགས་དང་ ཞེ་སྡང་གི་ དབང་ལུ་བརྟེན་ཨིན་མི་དེ་ཡང་ དཔེ་འབད་བ་ཅིན་ ལ་ལུ་ཅིག་གིས་ ཕྱི་རྒྱལ་གྱི་ མདའ་གཞུ་མེད་པ་ཅིན་ ངོ་ཚ་སྟེ་ མདའ་རྩེད་མ་ཚུགས་པར་ ས་གཞི་དང་ ཕ་ཞིང་ཚུ་ བཙོང་ཐོག་ལས་ གཞུ་ཉོ་མི་བཟུམ་ཅིག་ཨིནམ་ལས་ དེ་བཟུམ་གྱི་ མནོ་བསམ་གཏང་ནི་ མར་ཕབ་འབད་བ་ཅིན་ རུ་པིའི་དཀའ་ངལ་ཡང་ མར་ཕབ་འབད་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
དེ་འབདཝ་ལས་ འབྱོར་པ་ཅན་དང་ དབང་ཚད་ཡོད་མི་ཚུ་གིས་ འཕྲལ་འཕྲལ་སྣུམ་འཁོར་མ་བདའ་བར་ ལམ་འགྱོ་ནི་འགོ་བཙུག་པ་ཅིན་ ཁོང་གི་ དཔེ་བལྟ་སྟེ་ མང་ཤོས་ཅིག་གིས་ ལམ་འགྱོ་ནི་ འགོ་བཙུག་ནིའི་ གོ་སྐབས་ཡོདཔ་ལས་ སྣུམ་འཁོར་ཚོང་འབྲེལ་འཐབ་མིའི་ ཁ་ཐུག་ལས་ དེ་བཟུམ་དཔེ་སྟོན་པ་ཅིན་ མི་སྡེ་ལུ་ ཕན་ཐོགས་འབྱུང་འོང་ཟེར་གསུངས་ཡི།
བློན་ཆེན་གྱིས་ ཏི་རུ་ལངམ་མེད་པའི་ དཀའ་ངལ་དེ་ འབྲུག་ལུ་རྐྱངམ་གཅིག་མིན་པར་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ ཨེ་མི་རི་ཀ་དང་ ཡུ་རོབ་ཚུ་ལུ་ ཐོན་དོ་ཡོདཔ་ལས་ དེ་ཚུ་ ཕྱིར་ཚོང་ལས་ ནང་འདྲེན་འབད་ནི་ མང་མི་ལུ་བརྟེན་ཨིན་ཟེར་གསུངས་ཡི།
གཞུང་གི་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ལུ་ རྒྱལ་ཁབ་ཀྱིས་ ཕྱིར་ཚོང་དངུལ་ཀྲམ་ས་ཡ་༢༠ དང་ ནང་འདྲེན་དངུལ་ཀྲམ་ས་ཡ་༢༢ འཐབ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ ནང་འདྲེན་ས་ཡ་༢༢ དང་ ཕྱིར་ཚོང་ས་ཡ་༢༦ འབད་ནུག། ཨིན་རུང་ སྤྱི་ལོ་༢༠༡༡ ལུ་ ཕྱིར་ཚོང་དངུལ་ཀྲམ་ས་ཡ་༢༦ དང་ ནང་འདྲེན་དངུལ་ཀྲམ་ས་ཡ་༣༠ འཐབ་མི་ལས་ ནང་འདྲེན་དངུལ་ཀྲམ་ས་ཡ་༩ ལྷགཔ་ཅིག་ ཡར་སེང་སོང་ནི་དེ་གིས་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་ཨིན་པས།
རུ་པའི་དཀའ་ངལ་བསལ་ནི་དེ་ མི་སེར་ལུ་ རག་ལས་མི་ལུ་བརྟེན་ མི་སེར་ཚུ་གིས་ དོན་མེད་ཀྱི་ ཟད་འགྲོ་གཏང་ནི་དང་ ནང་འདྲེན་འབད་ནི་ཚུ་ ག་དེ་དྲག་དྲག་ མར་ཕབ་འབད་བ་ཅིན་ རུ་པིའི་དཀའ་ངལ་ཡང་ བསལ་ཚུགས་ནི་དང་ སྣུམ་འཁོར་ནང་འདྲེན་གྱི་ བཀག་དམ་ཡང་ འབད་མི་དགོཔ་འོང་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment