གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པ་ཝར་ཅཱེན་གྱི་ ལག་ལེན་སྦྱོང་བརྡར།

ཤིང་དྲ་ནིའི་འཕྲུལ་ཆས་ པ་ཝར་ཅཱེན་གྱི་ ལག་ལེན་སྦྱོང་བརྡར་འབད་བའི་བསྒང་།
༉ སྐྱེས་ལོ་༤༢ ལང་མི་ མི་འགྱུར་གྱི་ རེ་འདོད་ལས་འབད་བ་ཅིན་ ད་རེས་ནངས་པ་ དུས་ཚོད་དང་འཁྲིལ་ཏེ་ ཤིང་ལཱ་ཆེ་ཆུང་ག་ཅི་བཟུམ་འབད་དགོ་རུང་ ཤིང་དྲ་ནིའི་འཕྲུལ་ཆས་ པ་ཝར་ཅཱེན་ཡོད་པ་ཅིན་ མི་གནགཔ་ཚུ་ལུ་ སྟབས་བདེ་དྲགས་བྱུང་དོ་ཡོདཔ་མ་ཚད་ འོང་འབབ་ཡང་ བཟོ་ཚུགས་མི་ལུ་བརྟེན་ རང་གི་ ཚེ་སྲོག་ལུ་ ཉེན་ཁ་ག་དེ་སྦེ་ཡོད་རུང་ སྣང་དག་མི་བསྐྱེད་དོ་བཟུམ་ མཐོངམ་མས་ཟེར་ སླབ་ཨིན་པས།


ཁོ་གིས་ ཤིང་ལཱ་འབད་ནིའི་དོན་ལུ་ ལོ་དག་པ་ཅིག་གི་ཧེ་མར་ པ་ཝར་ཅཱེན་ཅིག་ ཉོ་བའི་ཤུལ་ལུ་ ཤིང་བརྡབ་པའི་སྐབས་ ཤིང་གི་འོག་ལུ་ཚུད་དེ་ མེདཔ་ཐལ་ཡོད་པའི་ དྲན་ཚོར་འབདཝ་ཨིན་པས།
སྤྱི་ཟླ་༥ པའི་ཚེས་༢༤ ལུ་ མོང་སྒར་ཀོ་རི་ལ་དང་ གླིང་མི་ཐང་ དེ་ལས་ ནགས་ཚལ་འཛིན་སྐྱོང་ལས་ཕྲན་གྱིས་ རྒེད་འོག་༣ ནང་ པ་ཝར་ཅཱེན་ ལག་ལེན་འཐབ་མི་ཚུ་གི་དོན་ལུ་ རྒྱལ་པོའི་ཞིང་ལུ་སྦེ་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
མི་འགྱུར་གྱིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ ལག་ལེན་འཐབ་པའི་སྐབས་ སྟབས་བདེཝ་དང་ མ་བདེཝ་ལེ་ཤ་ཡོདཔ་ལས་ དེ་བཟུམ་མའི་ སྦྱོར་བརྡར་དེ་ ཧེ་མ་ལས་ འགོ་འདྲེན་འཐབ་པ་ཅིན་ ཁོ་གི་ པ་ཝར་ཅཱེན་དེ་ཡང་ མེདཔ་མི་ཐལ་ནི་བཟུམ་ མཐོང་མི་དེ་ཡང་ ཤིང་ལཱ་འབད་བའི་སྐབས་ དུས་ནམ་ར་འབད་རུང་ སེམས་དྲན་པ་བཏོན་དགོ་པའི་ཁར་ ས་གོ་བདེ་དྲགས་ཡོད་མེད་ཚུ་ཡང་ བལྟ་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྦྱོར་བརྡར་ནང་ བཅའ་མར་གཏོགས་མི་ མོང་སྒར་འབྲས་སྤུངས་ལས་ སྐྱེས་ལོ་༥༦ ལང་མི་ སེངྒེ་གིས་ སླབ་མིའི་ནང་ པ་ཝར་ཅཱེན་གྱི་ ལཱ་འབད་ནི་དེ་ རང་གི་ཚེ་སྲོག་ལུ་ ཉེན་ཁ་ག་དེམ་ཅིག་ཡོད་རུང་ ལག་ལེན་འཐབ་སྟེ་ ལོ་༣ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ རང་གི་ཚེ་སྲོག་དང་ རང་གཞིན་གནས་སྟངས་ དེ་ལས་ རིན་གོང་སྦོམ་གནས་པའི་འཕྲུལ་ཆས་ཡང་ བདག་འཛིན་འཐབ་ཐངས་ཚུ་ ཧ་གོ་ཡི་ཟེར་ཨིན་པས།
སྦྱོར་བརྡར་ལུ་བརྟེན་ མ་འོངས་པ་ལུ་ ནགས་ཚལ་ཐོན་སྐྱེད་ སྲུང་སྐྱོབ་འབད་ནི་ཚུ་ ཆ་རོགས་འབད་ཚུགས་ནི་མས་ཟེར་ སྦྱོར་བརྡར་ནང་ བཅའ་མར་གཏོགས་མི་ཅིག་གིས་ སླབ་ཨིན་པས།
སྦྱོར་བརྡར་བྱིན་མི་ མོང་སྒར་ ཀོ་རི་ལ་ ནགས་ཚལ་འཛིན་སྐྱོང་སྡེ་ཕྲན་ལས་ གླིང་འཛིན་འགོ་དཔོན་ བསོད་ནམས་སྟབས་རྒྱས་ཀྱིས་ སླབ་མིའི་ནང་ དེ་བཟུམ་གྱི་ སྦྱོང་བརྡར་བྱིན་དགོ་མི་དེ་ཡང་ ད་རེས་ནངས་པ་ པ་ཝར་ཅཱེན་འཕྲུལ་ཆས་ ལག་ལེན་འཐབ་མི་དེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ལག་ལེན་འཐབ་མི་ཚུ་ལུ་ སྦྱོར་བརྡར་བྱིན་ཐོག་ལས་ རང་གི་ཚེ་སྲོག་བདག་འཛིན་འཐབ་ནི་དང་ དུས་ནམ་ར་འབད་རུང་ རང་བཞིན་གནས་སྟངས་དེ་ ཉམས་མ་བཅུག་པར་ སྔོ་ལྗང་དང་ལྡནམ་སྦེ་ བཞག་ཐབས་ལུ་དམིགས་ཏེ་ཨིན་ཟེར་ཨིན་པས།
མོང་སྒར་རྫོང་ཁག་ནང་ ད་རེས་ནངས་པ་ ཐོ་བཀོད་ཅན་གྱི་ པ་ཝར་ཅཱེན་ ལག་ལེན་འཐབ་མི་༤༢༦ ལྷགཔ་ཅིག་ཡོདཔ་ད་ ད་ལྟོ་ཚུན་ མི་གྲངས་༣༢༦ དེ་ཅིག་གིས་ པ་ཝར་ཅཱེན་གྱི་ སྦྱོར་བརྡར་འབད་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment