གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ མཆོད་རྟེན་སྙིང་པོའི་ལྷ་ཁང་ ཉམས་གསོ་ཞུ་ཚར་ཡོདཔ།

༧/༥/༢༠༡༢

ལྷ་ཁང་གི་ལྡེབས་རིས་ཚུ་ ཅ་རྙིང་འཛིན་སྐྱོང་སྡེ་ཚན་གྱི་ ཉམས་སྲུང་མཁས་མཆོག་ཚུ་གིས་ ཉམས་སྲུང་རིག་རྩལ་ལག་ལེན་ཐོག་ལས་ སྔར་ག་ཨིནམ་སྦེ་ ལེགས་བཅོས་དང་ ཞིག་གསོ་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༥ ལུ་ རབ་གནས་ཕུལ་མི་ མཆོད་རྟེན་སྙིང་པོའི་ལྷ་ཁང་།
༉ དུས་རབས་༡༧ པ་དེ་ཅིག་ལུ་ སྤུ་ན་ཁ་ དཀར་སྦྱིས་རྒེད་འོག་ནང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་ བཞེངས་གནང་མི་ མཆོད་རྟེན་སྙིང་པོའི་ལྷ་ཁང་དེ་ ལོ་༨ དེ་ཅིག་གི་ཧེ་མར་ ཞིག་རལ་ཐལ་ཏེ་ གནས་སྟངས་སྐྱོ་དྲགས་ཅིག་ལུ་ ཐུག་ཡོད་རུང་ ད་རེས་འབདཝ་ད་ ཉམས་གསོ་ལེགས་པར་ ཞུ་ཚར་ཡོདཔ་ཨིན་པས།


ལྷ་ཁང་གི་ ཁྱིམ་ཐོག་ཚུ་མེདཔ་ཐལ་བའི་ཁར་ གྱང་རྩིག་ཚུ་ཡང་ ཉེན་ཁ་ཅན་གྱི་ གནས་སྟངས་ཐོག་ལུ་ལྷོད་མི་དེ་ སྤྱི་ལོ་༢༠༠༤ ལས་ རྒེད་འོག་གོང་འཕེལ་མ་དངུལ་ཐོག་ ལྷ་ཁང་གི་ ཉམས་གསོ་ཞུ་ནི་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༠༩ ལས་ ཉམས་གསོའི་མ་དངུལ་དེ་ རྫོང་ཁག་གིས་ ལོ་བསྟར་འཆར་དངུལ་ནང་བཙུགས་ཏེ་ འཕྲོ་མཐུད་ཉམས་གསོ་ཞུ་ཡི་ཟེར་ སྤུ་ན་ཁ་རྫོང་ཁག་གི་ སྲོལ་འཛིན་འགོ་དཔོན་ སངས་རྒྱས་དབང་ཕྱུག་གིས་ བཤདཔ་ཨིན་པས།
ལྷ་ཁང་གི་ ཤིང་ཆས་ཚུ་ག་ར་ ཉམས་གསོ་ཞུ་ཡོདཔ་མ་ཚད་ ཧེ་མ་མེད་པའི་ སྒོ་མོ་རབ་གསལ་ཚུ་ གསརཔ་བཙུགས་ཅི་ཟེར་ བཟོ་དཔོན་བསོད་ནམས་དཔལ་འབྱོར་གྱིས་ སླབ་ཨིན་པས།
ཉམས་སྐྱོན་ཤོར་མི་ ལྡེབས་རིས་ཚུ་ཡང་ ཉམས་གསོ་ལེགས་པར་ ཞུ་ཡོདཔ་ཨིན་རུང་ ལྷ་ཁང་གི་ ལྡེབས་རིས་ཚུ་ གསརཔ་སྦེ་མིན་པར་ རྙིངམ་སྦེ་མཇལ་དོ་ཡོདཔ་ད་ དེ་ཡང་ ལམ་སྲོལ་ལས་ཁུངས་ཀྱི་ ཅ་རྙིང་འཛིན་སྐྱོང་སྡེ་ཚན་ནང་ལས་ ཉམས་སྲུང་མཁས་མཆོག་ ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ལྡེབས་རིས་ཀྱི་ ཉམས་གསོ་ཚུ་ག་ར་ ཉམས་སྲུང་གི་རིག་རྩལ་ཚུ་ ལག་ལེན་འཐབ་སྟེ་འབད་ཡོདཔ་ལས་ ལྡེབས་རིས་རྙིངམ་ཚུ་ ག་ཨིནམ་སྦེ་ར་ མཇལ་ཚུགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལྡེབས་རིས་ཚུ་ནང་ སྐྱོན་ཞུགས་མི་ཚུ་ ཧེ་མའི་ཚོན་ ག་ཅི་ལག་ལེན་འཐབ་ནུག་ག་ དེ་ར་ ལག་ལེན་འཐབ་ཐོག་ལས་ བཅོ་ཁ་རྐྱབ་ནི་མ་གཏོགས་ ལོགས་སུ་སྦེ་ གསརཔ་འབྲི་ནི་མེད་ཟེར་ཨིན་པས།
ཐོག་ཚད་༣ འབད་མི་ ལྷ་ཁང་དེ་ནང་ འབྲུག་ལུ་སྦོམ་ཤོས་ཅིག་ཨིན་མི་ ཇོ་བོ་བྱམས་པའི་སྐུ་འདྲ་ ཐོག་ཚད་༢ འབད་ཡོད་མི་དེ་ ཆར་རྐྱབ་པའི་སྐབས་ ཆར་ཆུ་གིས་ མེདཔ་བཏང་མི་ དེ་ཡང་ ཉམས་གསོ་ཞུ་ཡོདཔ་ཨིན་པས།
ལྷ་ཁང་གི་ཐོག་གོང་མའི་ མཆོད་བཤམ་གྱི་ གཡས་གཡོན་ལུ་ ལྡེབས་རིས་ཚུ་ ཆརཔ་གིས་མེདཔ་བཏང་ཡོདཔ་ལས་ གཡོན་ཁ་ཐུག་གི་ ལྡེབས་རིས་དེ་ གསརཔ་འབད་ར་ ལོག་བྲིས་ཡོདཔ་ལས་ གསརཔ་དང་རྙིངམ་གི་བར་ན་ ཁྱད་པར་སྦོམ་ར་ མཇལཝ་ཨིན་པས།
དེ་འབད་ནི་དེ་གིས་ སྔར་ག་ཡོད་པའི་ ལྡེབས་རིས་དང་ སྐུ་འདྲ་ཚུ་ ཉམས་སྲུང་གི་རིག་རྩལ་ཐོག་ལས་ ཉམས་གསོ་ཞུ་ནི་དེ་ ཁག་ཆེ་ཟེར་ཨིནམ་ད་ དེ་མིན་པ་ཅིན་ སྔར་སྲོལ་གྱི་བཟོ་རིག་དང་ རིག་རྩལ་ཁྱད་པར་ཚུ་ག་ར་ མེདཔ་འགྱོ་ནིའི་ཉེན་ཁ་སྦོམ་ཡོད་ཟེར་ འདས་པའི་ལོ་ནང་ བདུན་ཕྲག་དག་པ་ཅིག་ ཉམས་སྲུང་གི་ རིག་རྩལ་ལག་ལེན་ཐོག་ ལྡེབས་རིས་ཚུ་ ཉམས་གསོ་ཞུ་མི་ ལམ་སྲོལ་ལས་ཁུངས་ཀྱི་ ཉམས་སྲུང་པ་ ལྷུན་གྲུབ་ཀྱིས་བཤདཔ་ཨིན་པས།
ཚོན་སྦྱོར་ཐངས་དང་ ཚོན་གྱི་རྒྱུ་ཆ་ཚུ་ཡང་ ལྡེབས་རིས་ནང་ ལག་ལེན་འཐབ་མི་ཚུ་ར་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཉམས་ཆག་གི་ སྐྱོན་སྦོམ་ཡོད་མི་ཚུ་ བཅོ་ཁ་རྐྱབ་ནི་མ་གཏོགས་ འབྲི་བསུབ་འབད་ནི་མེདཔ་ལས་ སྔར་ག་ཨིནམ་སྦེ་ར་ ཁྱད་པར་མེདཔ་སྦེ་ མཇལ་ཚུགས་ཟེར་ ཁོ་གིས་སླབ་ཨིན་པས།
སྤུ་ན་ཁ་རྫོང་ཁག་ སྲོལ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ལྷ་ཁང་དེ་ གཙོ་བོ་ར་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ བཀའ་རྒྱ་ལྟར་དུ་ ཉམས་གསོ་ཞུ་ནི་ འགོ་བཙུགས་ནུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ལས་ ཉམས་གསོའི་མ་དངུལ་དེ་ རྫོང་ཁག་འཆར་དངུལ་ནང་ བཙུགས་ཞིནམ་ལས་ཚུར་ ཉམས་གསོའི་དོན་ལུ་ མ་དངུལ་ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ ལྷ་ཁང་ཚུན་ཚོད་ཀྱི་ སྣུམ་འཁོར་ལམ་གྱི་གནས་སྟངས་ཡང་ ལེགས་བཅོས་འབད་དེ་ ཆརཔ་རྐྱབ་རུང་ དཀའ་ངལ་མེདཔ་སྦེ་ བཟོ་ཡོདཔ་ལས་ ཉེ་འདབས་ཀྱི་ཁྱིམ་གུང་དང་ ས་ཞིང་ཚུ་ལུ་ཡང་ ཕན་ཐོགས་སྦོམ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ལྷ་ཁང་དེ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ ཞལ་བཞུགས་པའི་སྐབས་ དགུན་གྱི་བཞུགས་གནས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ ད་རེས་ཀྱི་ རྒྱས་སྲས་བསྟན་འཛིན་རབ་རྒྱས་ཀྱི་ ཡང་སྲིད་ཡང་ ད་ལས་ཕར་ དགུན་གྱི་བཞུགས་གནས་ མཆོན་རྟེན་སྙིང་པོའི་ལྷ་ཁང་ནང་ཨིནམ་ལས་ གཟིམ་ཅུང་ཅིག་ཡང་ གསརཔ་རྐྱབ་ཡོདཔ་ཨིན་པས།
ལྷང་ཁང་ཉམས་གསོ་ཞུ་ཚར་བའི་ བཀྲིས་རབ་གནས་ཡང་ རྒྱལ་སྲས་བསྟན་རབ་རྒྱས་ཀྱི་ ཡང་སྲིད་ཀྱིས་ སྤྱི་ཟླ་༥ པའི་ཚེས་༥ ལུ་ མཛད་ཡོདཔ་ད་ དེ་བསྒང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ བློན་པོ་ཡེ་ཤེས་སྦྱིན་པ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་དང་ ས་གནས་ཀྱི་ མི་སེར་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment